རྒྱ་ནག་གཞུང་གིས་བོད་མི་གཉིས་ལ་སྲོག་ཁྲིམས་བཅད་སྐོར།
2009.04.10
༄༅༎རྒྱ་ནག་གཞུང་གིས་བོད་མི་གཉིས་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧཱ་གསར་འགྱར་ལས་ཁང་གིས་དབྱིན་ཡིག་ཐོག་གནས་ཚུལ་སྤེལ་ཡོད་ནའང་རྒྱ་ནག་ནང་གནས་ཚུལ་དེ་རྒྱ་ཡིག་གསར་འགྱུར་བརྒྱུད་ལམ་ཁག་ནང་འདོན་སྤེལ་བྱས་མེད་པ་དང་རྒྱ་ནག་ནང་གི་དྲ་རྒྱ་ཁག་གིས་ཀྱང་གནས་ཚུལ་དེ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་རྗེས་གཞི་ནས་ཤེས་རྟོགས་ཐུབ་ཡོད་པ་ལས་གཞན་ཤེས་རྟོགས་ཐུབ་ཀྱི་མེད་པའི་སྐོར་ཨ་མི་རི་ཀའི་ཁིརི་ཤེན་སའེན་སི་མོ་ནི་ཊར་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་མིའི་ཚོང་ཁང་གཉིས་མེར་བསྲེགས་དང་འདིའི་ནང་ཚོང་ཁང་གཅིག་གི་བདག་པོ་རྐྱེན་ལམ་དུ་བཏང་བ་གཞན་ཡང་གཏོར་བཅོམ་བྱས་པ་སོགས་ཀྱི་ཉེས་བཙུགས་འོག་བོད་མི་ལྔ་ལ་ཁྲིམས་བཅད་བཏང་ཡོད་པ་དང་འདིའི་ནང་བོད་མི་བློ་བཟང་རྒྱལ་མཚན་དང་བློ་ཡ་ཞུ་བ་གཉིས་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་པ་དང་བོད་མི་རྐང་བཙུགས་དང་བསྟན་འཛིན་ཕུན་ཚོགས་གཉིས་ལ་ལོ་གཉིས་དུས་འགྱངས་རྗེས་སྲོག་ཐོག་གཏོང་རྒྱུ་དང་ཟླ་བ་བཟང་པོ་ཞུ་བར་ཚེ་བཙོན་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།
གནས་ཚུལ་དེ་བོད་ལྗོངས་ཉིན་རེའི་གསར་ཤོག་གི་ནང་ཐོན་པའི་རྗེས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་སྦི་སྦི་སི་སོགས་ཀྱིས་འདོན་སྤེལ་གནང་འགོ་བཙུགས་ཡོད་པར་རྒྱ་ནག་ནང་འདོན་སྤེལ་བྱེད་པའི་རྒྱ་ཡིག་གི་བརྒྱུད་ལམ་ཁག་ནང་མཐོང་རྒྱུ་མེད་པ་དང་དྲ་རྒྱའི་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་དེ་གཞི་ནས་ཉིན་གཅིག་གི་རྗེས་སྦི་སྦི་སི་གསར་འགྱུར་བརྒྱུད་ལམ་ལུང་འདྲེན་གྱིས་རྒྱ་ཡིག་དྲ་རྒྱ་ཁག་ཅིག་ཐོག་མཐོང་རྒྱུ་ཡོད་པ་བརྗོད་ཀྱི་ཡོད་པ་རེད། མདོར་ན་རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་རང་དབང་གི་གནས་ཚུལ་འདོན་སྤེལ་བྱེད་ས་མེད་པར་དྲ་རྒྱ་ཁག་གི་གནས་ཚུལ་མང་པོ་ཞིག་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱུང་བའི་རྗེས་སུ་གཞི་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པར་དེས་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་བསྒྲགས་ཇི་ཙམ་བྱེད་ཀྱི་ཡོད་པ་ངོ་སྤྲོད་ཐུབ་རྒྱུ་ཡོད་པའི་དཔེ་མཚོན་དུ་ལུང་འདྲེན་གནང་གི་ཡོད་པ་རེད།