བཙན་བྱོལ་བོད་གཞུང་གི་རྩིས་འཁོར་རྒྱ་གཞུང་གིས་གསང་འཛུལ།
2009.03.31
༄༅༎༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་བོད་གཞུང་གི་ལས་ཁུས་མ་ལག་ཐེ་པའི་རྒྱལ་ཁབ་བརྒྱ་དང་གསུམ་གྱི་གཞུང་དང་ཚོགས་པ་སྒེར་ཁག་གི་ཀམ་པུ་ཊར་ནང་རྒྱ་ནག་གི་གསང་འཛུལ་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཉེ་ཆར་ཐོན་པ་དེར་བཙན་བྱོལ་བོད་ག ཞུང་གིས་སྐྱོན་བརྗོད་གནང་ཡོད་པ་དང་བོད་རིག་པའི་ཐོག་གི་མཁས་པ་རོའོ་སྦི་སྦར་ནེཏ་ཡིས་ཚད་མཐོའི་འཕྲུལ་རིགས་ལག་རྩལ་དེ་ལྟ་བུས་བོད་ནང་ནས་ཕྱི་ཕྱོགས་གནས་ཚུལ་ཤོད་མཁན་ཚོ་རྩད་གཅོད་བྱ་རྒྱུར་ཕན་ཐོག་ཡོད་སྲིད་པའི་སྐོར་གསུངས་བཞག
ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་ལས་མི་སྣས་འདས་པའི་ཟླ་བ་བཅུ་ཙམ་རིང་ཉམས་ཞིབ་གནང་བའི་སྙན་ཐོའི་ནང་རྒྱལ་ཁབ་བརྒྱ་དང་གསུམ་ཙམ་གྱི་གཞུང་སྒེར་གཉིས་ཀྱི་ཀམ་པུ་ཊར་༡༢༩༥ཙམ་ནང་རྒྱ་ནག་ནང་ནས་གསང་འཛུལ་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་ཅིང་རྒྱ་ནག་ནང་ནས་སྔ་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་དྲུག་པ་ནས་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པའི་བར་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་མ་ལག་དང་ལོན་ཌོན།སྦ་ར་སེལ་སི།ནིའུ་ཡོརྐ་བཅས་སུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་བཅས་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་བའི་མཐར་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་གི་ཀམ་པུ་ཊར་ནང་རྒྱ་ནག་ནང་ནས་གསང་འཛུལ་བྱས་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་ཀམ་པུ་ཊར་༡༢༩༥ཙམ་ནང་རྒྱ་ནག་གིས་གསང་འཛུལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།