བཞུགས་སྒར་རྡ་རམ་ས་ལར་བོད་མིའི་དམིགས་བསལ་ལྷན་ཚོགས།
2008.11.17
༄༅༎བོད་མིའི་དམིགས་བསལ་ལྷན་ཚོགས་དེ་བཞིན་གཟའ་ཟླ་བའི་ཉིན་ནས་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པ་དང་ལྷན་ཚོགས་ཐོག་བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་མི་མང་ཚོགས་ཀྱིས་བསམ་ཞིབ་གོ་བསྡུར་གནང་བཞིན་ཡིན་པ་དང་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་དུས་ཡུན་ཉིན་གྲངས་དྲུག་རིང་ཚུགས་རྒྱུའི་དམིགས་བསལ་ལྷན་ཚོགས་དེ་བཞིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དགོངས་དོན་བཞིན་བསྐོངས་ཚགོས་གནང་བ་ཞིག་ཡིན་པ་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་དམིགས་བསལ་ཚོགས་ཆེན་བསྐོངས་ཚོགས་གནང་བའི་རྒྱུ་མཚན་ཇི་ཡིན་སོགས་བཀའ་གནང་ཡོད་ཅིང་ད་རེས་ཀྱི་དམིགས་བསལ་ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་བཞུགས་གནང་རྒྱུ་མིན་པ་བཙན་བྱོལ་བོད་གཞུང་གིས་མགྲིན་ཚབ་པས་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་དང་ཡིན་ནའང་ལྷན་ཚོགས་མ་ཚུགས་སྔོན་༸གོང་ས་མཆོག་ནས་ཚོགས་བཞུགས་འཐུས་མི་ཚོར་ལྷན་ཚོགས་དེ་བཞིན་རང་དབང་དང་ཁ་གསལ་ཐོག་ནས་བོད་མི་ཚོའི་བསམ་ཚུལ་དངོས་ཀྱི་ཐོག་གྲོས་མོལ་གནང་རྒྱུའི་སྐུལ་མ་གནང་ཡོད་པ་རེད། ༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དབར་འབྲེལ་མོལ་ཐེངས་བརྒྱད་ཙམ་གནང་ཡོད་ན་ཡང་དོན་འབྲས་གང་ཡང་མ་སོན་པའི་ཁར་རྒྱ་ནག་གཞུང་གིས་ཉེ་ཆར་ཕྱོགས་གཉིས་དབར་འབྲེལ་མོལ་ཐེངས་བརྒྱད་པ་དེ་གྲུབ་པའི་རྗེས་༸གོང་ས་མཆོག་གི་སྐུ་ཚབ་ནས་བཏོན་གནང་བའི་བོད་མི་གནས་ཡོད་བོད་ཀྱི་ས་ཁུལ་ཡོངས་རྫོགས་རང་སྐྱོང་ལྗོངས་བྱ་རྒྱུ་ཞེས་པ་དེ་ནི་ཡོང་ཐབས་མེད་པའི་ལན་འདེབས་བྱས་པའི་རྗེས་བཙན་བྱོལ་བོད་མིའི་ཁྲོད་རང་བཙན་གྱི་ཕྱོགས་སུ་བསྐྱོད་རྒྱུའི་བསམ་ཚུལ་བརྗོད་མཁན་མང་དུ་འགྲོ་གི་ཡོད་པ་རེད། ད་རེས་བཞུགས་སྒར་དུ་ཚོགས་བཞིན་པའི་བོད་མིའི་དམིགས་བསལ་ལྷན་ཚོགས་དེའི་ཐོག་རྒྱ་ནག་ཕྱོགས་ནས་ལྷན་ཚོགས་དེ་བཞིན་ནང་དོན་གང་ཡང་མེད་པའི་ལྷན་ཚོགས་ཤིག་ཡིན་ལུགས་དང་ཚོགས་བཞུགས་འཐུས་མི་ཚོས་བོད་མི་མང་ཆེ་བའི་བསམ་ཚུལ་མཚོན་ཐུབ་ཀྱི་མེད་ལུགས་བཤད་ཡོད་པ་རེད།