རྒྱ་གཞུང་གིས་བོད་མི་༣ལ་ཁྲིམས་གཏུག་ཐོབ་ཐང་སྤྲོད་མེད་པ།

གློག་བརྙན་བཟོ་སྐྲུན་གནང་མཁན་གཅིག་དང་དགེ་འདུན་པ་གཉིས་ལ་རྒྱ་གཞུང་གིས་སྒེར་གྱིས་ཁྲིམས་གཏུག་བྱ་རྒྱུའི་ཐོབ་ཐང་སྤྲོད་ཀྱི་མེད་པ་རེད།

2009.07.19

༄༅༎བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ལ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་དང་དེ་མིན་གྱི་དགེ་འདུན་པ་གཉིས་ལ་རྒྱ་ནག་གཞུང་གིས་སྒེར་གྱིས་ཁྲིམས་གཏུག་བྱ་རྒྱུའི་ཐོབ་ཐང་སྤྲོད་ཀྱི་མེད་པ་རེད།

དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྐྲུན་གནང་བའི་འཇིགས་བྲལ་ཞེས་པའི་དངོས་ཡོད་གློག་བརྙན་དེའི་ནང་དོན་ནི་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་བོད་མི་ཚོས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པ་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་མཚོན་པ་ཞིག་ཡིན་ཞིང་ཁོང་གིས་གློག་བརྙན་དེ་བཟོ་སྐྲུན་བྱས་པར་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་དོ་དམ་བཀག་ཉར་འོག་གནས་བཞིན་ཡོད་པར་བརྟེན་ཁོང་གི་ནང་མི་ཚོས་གོང་རིམ་ལ་ཁྲིམས་གཏུག་བྱ་རྒྱུའི་ཆེད་དུ་སྒེར་གྱི་ཐོག་ནས་ཁྲིམས་རྩོད་པ་གླ་རྩིས་བྱས་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་པའི་ཁར་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུངས་ན་དོན་གྲུབ་དབང་ཆེན་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཡོད་པ་མ་ཟད་ཁོང་ལ་མཆིན་པའི་འགོད་ནད་ཧེ་པ་ཀྲའེ་ཀྲི་སི་སྦི་ཟེར་བ་འགོད་ཁྱབ་བྱུང་ཡོད་པ་དང་ཁོང་ལ་སྨན་བཅོས་ཡག་པོ་བྱེད་དུ་བཅུག་གི་མེད་པའི་གནས་ཚུལ་བཙན་བྱོལ་དུ་བཞུགས་པའི་ཁོང་གི་སྐུ་ཟླས་གསུངས་ཡོད་པ་ལུང་འདྲེན་གནང་ཡོད་པ་རེད།

དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མི་ཚོས་རྒྱ་རིགས་ཁྲིམས་རྩོད་པ་ལི་ཏྲན་ཡུང་ཟེར་བ་པེ་ཅིང་ནང་གི་ཁྲིམས་རྩོད་པ་ཞིག་གླས་ཏེ་ཁྲིམས་རྩོད་པ་ཁོང་གིས་དེ་སྔོན་དུ་དོན་གྲུབ་དབང་ཆེན་ལགས་བོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་ས་གནས་ནང་དོ་དམ་འོག་བཞག་པའི་སྐབས་ཐུག་འཕྲད་དུ་བསྐྱོད་ཡོད་ཀྱང་ས་གནས་དཔོན་རིགས་དང་པེ་ཅིང་ནང་གི་ཁྲིམས་ཁང་གི་དཔོན་རིགས་ནས་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད། ད་དུང་བོད་ཀྱི་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བོད་ཀྱི་ཨ་མདོ་བླ་བྲང་བཀྲིས་དཀྱིལ་ནས་ཡིན་པའི་སྐུ་ཞབས་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དང་སྐུ་ཞབས་ཐབས་མཁས་རྒྱ་མཚོ་ལགས་སུ་མི་ལོ་བཅོ་ལྔ་བཙོན་འཇུག་གི་ཉེས་ཆད་བཏང་སྟེ་ད་ལྟ་ཀན་སུའུ་ཞིང་ཆེན་གྱི་བདེ་འཇགས་ལས་ཁུངས་སུ་བཀག་ཉར་དོ་དམ་འོག་གནས་བཞིན་ཡོད་པའི་ཁོང་གཉིས་ཀྱི་ནང་མི་ཚོས་ཁོང་གཉིས་ལ་རྒྱ་ནག་གཞུང་གི་བཀལ་བའི་ནག་ཉེས་བསྐྱར་ཏུ་ཁྲིམས་ཁང་དུ་དག་འབུད་བྱ་རྒྱུའི་ཆེད་དུ་སྒེར་གྱི་ཐོག་ནས་ཁྲིམས་རྩོད་པ་གླ་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་བཞིན་ཡོད་པ་རེད། དགེ་འདུན་པ་དེ་གཉིས་ཀྱི་ནང་མི་ཚོས་པེ་ཅིང་ནང་གི་ཁྲིམས་རྩོད་པ་ལི་ཧྲན་ཕིང་ཟེར་བ་གླས་ཡོད་པ་དང་ཁྲིམས་རྩོད་པ་ཁོང་གིས་ཁ་སྔོན་ཕྱི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་དགེ་འདུན་པ་གཉིས་ཀྱི་ནང་མི་དང་ཐུག་འཕྲད་བྱུང་སྟེ་ཁོང་གཉིས་ཀྱི་གྱོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་དང་ཁོང་གི་ཁྲིམས་རྩོད་པའི་ངོ་སྤྲོད་ལག་འཁྱེར་སོགས་ཁྲིམས་ཁང་དུ་ཕུལ་ཏེ་དགེ་འདུན་པ་དེ་གཉིས་ཀྱི་གྱོད་དོན་ཁྲིམས་གཏུགས་བྱ་རྒྱུའི་གྲ་སྒྲིག་བྱས་པ་མ་ཟད་དགེ་འདུན་པ་གཉིས་དང་ཐུག་འཕྲད་ཡོང་ཐབས་འབད་བརྩོན་བྱས་ཀྱང་ས་གནས་དཔོན་རིགས་ནས་ཁོང་ལ་ཁྲིམས་ཁང་ནས་ཐུག་འཕྲད་ཆོག་པའི་དམིགས་བསལ་བཀའ་ཁྲོལ་དགོས་ཚུལ་བརྗོད་དེ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎