ཀིརྟི་དགོན་དུ་དམ་བསྒྲགས་མཚམས་འཇོག་དགོས་པའི་འབོད་སྐུལ།

བཙན་བྱོལ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀིརྟི་དགོན་གྱི་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བའི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་འདུག

2011.04.24

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྔ་བ་ཀིརྟི་དགོན་དུ་སྔར་བས་དམ་བསྒྲགས་ཆེ་རུ་བཏང་བའི་གནས་སྟངས་ཐོག་བཙན་བྱོལ་བོད་གཞུང་བློ་འཚབ་ཆེན་པོ་གནང་བ་དང་ཆབས་ཅིག་རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀིརྟི་དགོན་གྱི་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བའི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་བོད་ཀྱི་རྔ་པ་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཀྱི་སྲིད་ཇུས་སྔར་བས་ཤུགས་ཆེ་རུ་བཏང་སྟེ། རེས་གཟའ་ཕུར་བུ་ནས་བཟུང་ཀིརྟི་དགོན་པའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ནི། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གི་དྲག་ཆས་དམག་མི་དང་ཉེན་རྟོག་པ་ཀིརྟི་དགོན་པའི་དགེ་འདུན་པའི་གྲ་ཤག་རེ་རེ་ལ་འགྲེམས་འཇོག་བྱས་ཏེ་དགེ་འདུན་པ་༣༠༠ལྷག་འཛིན་བཟུང་བྱས་པ་མ་ཟད། སྤྱི་སྤྱོད་མོ་ཊ་བཅུ་གྲངས་ཤིག་ནང་བླུགས་ཏེ་གར་སོང་མེད་པ་བཙན་ཁྲིད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ཐོག་སྔོན་ནས་དམ་བསྒྲགས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་མུས་ཁར་བར་ལམ་དགེ་འདུན་པ་ལོ་ན་༡༦ ནས་༦༠ བར་ས་གནས་གཞན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་ཁྲིད་ཀྱི་ཡོད་པའི་གནས་ཚུལ་ཐོན་པར་བརྟེན་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་གིས་སློབ་གསོའི་ལས་འགུལ་ཁ་ལ་འཁྱེར་ཏེ་དོན་དངོས་ཐོག་དགེ་འདུན་པ་རྣམས་བཙོན་ཁང་དུ་ཁྲིད་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བ་ནས་བཟུང༌། ས་གནས་བོད་མི་ཚོས་དོགས་འཛོན་ཆེན་པོས་ཉིན་མཚན་དབྱེར་མེད་དུ་དགེ་འདུན་པ་རྣམས་སྲུང་སྐྱོབ་བྱེད་བཞིན་གནས་མུས་ལ། ཕྱི་ཚེས་༢༡ ཉིན་རྒྱ་མའི་དམག་མིས་དགེ་འདུན་པ་དངོས་སུ་འཛིན་བཟུང་བཙན་ཁྲིད་བྱེད་པའི་སྐབས་ས་གནས་བོད་མི་དེ་དག་གིས་བཀག་འགོག་བྱེད་པའི་སྐབས། ཁོང་ཚོར་བཅར་རྡུང་དྲག་པོ་བཏང་སྟེ་མི་མང་པོའི་རྐང་ལག་བཅག་ཡོད་པ་མ་ཟད། དེའི་ནང་ནས་རྒས་མོ་ལོ་ན་༦༠ ཡིན་པའི་མཚན་ལ་དོན་ཁོ་ཞུ་བ་དང༌། ལོ་༦༥ ཡིན་པའི་ཤེར་སྐྱིད་ཞུ་བ་གཉིས་ཉེས་རྡུང་འོག་རྐྱེན་ལམ་དུ་བཏང་ཡོད་པ་སོགས་ཀིརྟི་དགོན་པའི་གནས་སྟངས་སྔར་བས་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན། བཙན་བྱོལ་བོད་གཞུང་གི་བཀའ་ཤག་གི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང༌། གྲོས་ཚོགས་ཁག་ཚོར། རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པའི་ཐོག་དྲག་པོའི་བྱ་སྤྱོད་དེ་ལྟ་བུ་ལག་བསྟར་མི་བྱེད་པའི་གནོན་ཤུགས་སྤྲོད་ཐབས་ཡོང་བའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎