བོད་ནང་གི་བོད་མི་ཚོའི་སེམས་ནང་རེ་བ་དང་ཐེ་ཚོམ།
2009.11.16
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་སྲིད་འཛིན་གྱི་མཚན་གནས་བཞེས་ནས།རྒྱ་ནག་ནང་རྒྱ་ནག་གི་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་བའི་གྲུབ་འབྲས་ཐོག་བོད་ནང་གི་བོད་མི་རྣམས་ལ་རེ་བ་དང་ཐེ་ཚོམ་གཉིས་ཀ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་འདུག
ཨ་མི་རི་ཀའི་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་ཨེ་ཤེ་ཡའི་རྒྱལ་ཁབ་བཞིའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་བཞིན་པ་དང་།ཁོང་ཉི་ཧོང་དང་དེ་ནས་སིང་ག་པུར་དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཤང་ཧེ་དང་།ཁ་སང་པེ་ཅིང་དུ་ཞབས་སོར་འཁོད་གནང་ཡོད་པ་རེད།པེ་ཅིང་དུ་བཞུགས་པའི་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཏའོ་མཆོག་དང་།དེ་ནས་སྲིད་བློན་ཝིན་ཅིན་པའོ་མཆོག་དང་མཇལ་འཕྲད་གྲོས་མོལ་གནང་རྒྱུ་དང་།བོད་ཀྱི་གནད་དོན་སྐོར་ལའང་རྒྱ་ནག་སྲིད་འཛིན་མཆོག་དང་ལྷན་དུ་ཐད་ཀར་གྲོས་མོལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་རེད། བོད་ནང་གི་བོད་མི་རྣམས་ཀྱིས་ཀྱང་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་བོད་ཀྱི་གནད་དོན་ཐད།ནུས་ཤུགས་ལྡན་པའི་ཐོག་ནས་གྲོས་མོལ་གནང་དང་མི་གནང་ཐད་རེ་བ་དང་ཐེ་ཚོམ་གཉིས་ཀ་ཡོད་པ་རེད།དེ་ཡང་བོད་ནས་ང་ཚོའི་རླུང་འཕྲིན་གཏམ་གླེང་ཞལ་དཔར་གྱི་ལེ་ཚན་ནང་འབྲེལ་བ་གནང་མཁན་ཞིག་གིས་བོད་ནས་དགོངས་ཚུལ་གསུངས་དོན་ལ།ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཤར་ཧེ་གྲོང་ཁྱེར་ནང་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བའི་ནང་།བོད་ཀྱི་གནད་དོན་སྐོར་གླེང་སློང་གང་ཡང་གནང་མེད་པ་དང་།འོན་ཀྱང་ཁོང་གིས་སྨྲ་བརྗོད་དང་ཆོས་དད་གནས་ཚུལ་ཤེས་རྟོགས་དང་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་བྱེད་རྒྱུའི་ཐོབ་ཐང་དེ་གལ་འགངས་ཆེན་པོ་ཡིན་པ་དང་ཐོབ་ཐང་དེ་ཚོ་རྒྱལ་སྤྱིའི་ཐོབ་ཐང་ཁག་ཡིན་པ་ནན་བརྗོད་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག།