བོད་དུ་ཞི་རྒོལ་སྐབས་དམར་བསད་བཏང་བའི་བོད་མི་གསུམ་སྐོར།

ན་ནིང་གི་ཞི་རྒོལ་ནང་རྐྱེན་ལམ་དུ་ཕྱིན་པའི་བོད་མི་གསུམ་སུ་ཡིན་མིན་མིང་དང་ས་ཁུལ་སོགས་གསལ་བསྒྲགས་བྱས་ཡོད་པ་རེད།

2009.08.18

༄༅༎བོད་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་སྙེ་མོ་ས་གནས་ཀྱི་རྒྱ་མིའི་དཔོན་རིགས་ཀྱིས་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཞི་ཉིན་བོད་མི་ཚོའི་ཞི་བའི་ངོ་རྒོལ་ལས་འགུལ་ཐོག་རྒྱ་མིའི་དམག་དཔུང་གིས་དམར་གསོད་བཏང་བའི་སྐབས་རྐྱེན་ལམ་དུ་ཕྱིན་པའི་བོད་མི་གསུམ་སུ་ཡིན་མིན་མིང་དང་ས་ཁུལ་སོགས་གསལ་བསྒྲགས་བྱས་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་རྒྱ་མིའི་དམག་མིས་བོད་མིའི་ཐོག་མེ་འཕེན་གྱིས་དམར་གསོད་བཏང་བའི་གྲས་ནས་བོད་མི་གསུམ་ནི་སྙེ་མོ་ས་གནས་ནས་ཡིན་པ་ར་སྤྲོད་བྱས་ཡོད་ཅིང་དེ་ཡང་ལོ་ན་ཉི་ཤུ་རྩ་བརྒྱད་ཡིན་པ་དང་སྙེ་མོ་གཡག་སྡེ་ནས་ཡིན་པ་རྒྱལ་མཚན་ལགས་དང་ལོ་ཉི་ཤུ་ཡིན་པ་དང་གཡག་སྡེ་ཁང་གསར་ནས་ཡིན་པ་མི་འགྱུར་ལགས་བཅས་གསུམ་ཡིན་པ་དང་ཁོང་གསུམ་བོད་ཀྱི་ལྷ་ས་གྲོང་ཁྱེར་ནང་དུ་ལས་ཀ་ཙག་ཙིག་བྱས་ཏེ་འཚོ་ཐབས་བྱེད་མཁན་ཞིག་ཡིན་པ་རེད།

གང་ལྟར་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་མི་ཚོའི་ཞི་བའི་རྔམ་སྟོན་ངོ་རྒོལ་ཐོག་རྒྱ་མིའི་དམག་དཔུང་གིས་གང་བྱུང་དུ་མེ་འཕེན་གྱིས་བོད་མི་མང་པོ་དམར་གསོད་བཏང་པ་དང་མང་པོ་ཞིག་འཛིན་བཟུང་བྱས་ཏེ་མུ་མཐུད་བཙོན་ཁང་དུ་མི་ཆོས་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱོངས་བཞིན་ཡོད་པ་མ་ཟད་ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་ཀྱི་ས་ཁུལ་ཁག་ནས་ལྷ་སའི་ནང་འཕྲལ་སེལ་ལས་ཀ་བྱེད་དུ་སླེབས་པའི་ན་གཞོན་མང་པོ་ཞིག་སྐབས་དེའི་ཞི་བའི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་སུ་ཤི་སོན་གང་ཡིན་དང་བཙོན་ཁང་དུ་ཡོད་མེད་སོགས་གནས་ཚུལ་རྩ་བ་ནས་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར་ཡོད་པ་རེད། ད་དུང་ཡང་བོད་ཀྱི་འབའ་ཐང་རྫོང་ནས་ལྷ་སར་གནས་མཇལ་དུ་སླེབས་པའི་བོད་མི་ཤེ་ཤེས་ཞུ་བ་ཞིག་ཀྱང་སྐབས་དེར་རྒྱ་མིའི་དམག་མིས་མགོ་ལ་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་ཡོད་ཅིང་ཁོང་ནི་ལོ་ན་བཞི་ཅུ་ཞེ་དྲུག་ཡིན་པ་དང་ན་ནིང་ཕྱི་ཟླ་གསུམ་པའི་ནང་ཁོང་གི་སྐྱེས་མ་དང་བཟའ་ཟླ་གཉིས་ཁྲིད་དེ་ལྷ་སར་གནས་མཇལ་དུ་སླེབས་པའི་སྐབས་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ར་མོ་ཆེ་ནས་བརྒྱུད་དེ་རྒྱ་མིའི་སྦྲགས་ཁང་བར་དུ་བོད་མིའི་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་ནང་ཁོང་གིས་མཉམ་ཞུགས་བྱས་ཡོད་ཅིང་ཁོང་ལ་ཤུལ་ལུས་བཟའ་ཟླ་དང་བུ་ཕྲུག་བཞི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎