བོད་ཁམས་དཀར་མཛེས་ནང་བླ་མ་ཞིག་ལ་ཉེས་འཛུགས།
2009.04.22
༄༅༎ཁམས་དཀར་མཛེས་ནང་བོད་མི་ཚོས་དད་གུས་ཆེན་པོ་ཞུ་ཡུལ་གྱི་བླ་མ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་གོ་མཚོན་ཉར་འཇོག་བྱས་པའི་ཉེས་མེད་ཉེས་བཙུགས་ཀྱི་ཁྲིམས་གཅོད་བྱ་འགོ་ཚུགས་ཡོད་པའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དགུང་གྲངས་ལྔ་ཅུ་ང་གཉིས་ལ་ཕེབས་པའི་དཀར་མཛེས་བླ་མ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ནི་ས་ཁུལ་བོད་མི་ཚོས་དད་གུས་ཆེན་པོ་ཞུ་ཡུལ་ཞིག་ཡིན་པ་དང་ཁོང་ནས་ས་ཁུལ་ལ་རྒན་གསོ་ཁང་ཞིག་དང་སྨན་ཁང་ཁག་གཉིས་ཙམ་རྒྱབ་སྟེ་ས་ཁུལ་བོད་རིགས་མི་མང་ལ་ཕན་པ་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་ཡིན་ནའི་རྒྱ་ནག་གཞུང་གིས་ཁོང་སྔར་ལོ་ཕྱི་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་འཛིན་བཟུང་བྱས་ཡོད་པ་དང་རིན་པོ་ཆེའི་ཁྲིམས་རྩོད་པ་རྒྱ་རིགས་ལི་ཕཱང་ཕིང་ཞུ་བས་ཨེ་པི་གསར་འགོད་པར་རྒྱ་ནག་གཞུང་གིས་རིན་པོ་ཆེའི་ཤག་ནས་མེ་མདའ་ཞིག་དང་ལེའུ་བརྒྱ་ལྷག་ཙམ་ཞིག་རྙེད་སོན་བྱུང་བའི་ཉེས་མེད་ཉེས་བཙུགས་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་རིན་པོ་ཆེ་མཆོག་ལ་ཉིན་གྲངས་བཞིའི་རིང་དྲི་རྩད་ཀྱིས་ཁོང་གི་བཟའ་ཟླ་བུ་ཕྲུག་རྣམ་ཀྱང་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་བྱས་ཏེ་ཉེས་མེད་ཉེས་བཙུགས་ཀྱི་ནག་ཉེས་ངོས་ལེན་བྱེད་བཅུག་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་ཡོད་པ་དང་ཡང་ཁྲིམས་རྩོད་པ་ལི་ཡིས་གལ་ཏེ་ཁྲིམས་ཁང་གིས་རིན་པོ་ཆེ་མཆོག་ལ་ནག་ཉེས་ཡོད་པའི་ཁྲིམས་ཐག་བཅད་པ་ཡིན་ན་ཁོང་ལ་ལོ་ངོ་བཅོ་ལྔའི་བཙོན་བཅུག་གི་ཉེས་ཆད་ཕོག་སྲིད་པ་དང་རིན་པོ་ཆེ་མཆོག་ནི་སྔར་ལོའི་བོད་མིའི་ཞི་བའི་སྒེར་ལངས་ཀྱི་ངོ་རྒོལ་ལས་འགུལ་དང་འབྲེལ་ཁྲིམས་གཅོད་ཕོག་པའི་བོད་ཀྱི་བླ་ཆེན་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།