རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་དམ་བསྒྲགས་བྱེད་མུས།
2009.02.13
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་དགོན་སྡེ་ཁག་བསྐྱར་ཏུ་སྒོ་མོ་ཕྱེས་ཡོད་ཀྱང་ན་ནིང་ཕྱི་ཟླ་གསུམ་པ་ནས་དགེ་འདུན་པ་ཚོས་ཞི་བའི་རྔམ་སྟོན་གྱི་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་ཚབས་ཆེ་བྱས་ཏེ་ལོ་གཅིག་ཙམ་འགྲོ་གི་ཡོད་ཀྱང་ཡིད་མི་ཚིམས་པར་མུ་མཐུད་དགེ་འདུན་པའི་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་པའི་སྐོར་དེ་རིང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
བོད་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་དགོན་པའི་དགེ་འདུན་པ་བཞི་ཙམ་གྱིས་དྲག་པོའི་ཟིང་ཆའི་ནང་མཉམ་ཞུགས་བྱས་པའི་ཉེས་འཛུགས་ཀྱིས་དགོན་པ་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་དང་ལྷ་སའི་ནང་ཞི་བའི་ངོ་རྒོལ་གྱི་དུས་ཟིང་བྱུང་སྟེ་ཟླ་བ་བཞི་ཕྱིན་པའི་རྗེས་འབྲས་སྤུངས་དགོན་པའི་ནང་དུ་འགྲེམས་འཇོགས་བྱས་པའི་བདེ་འཇགས་དམག་དཔུང་རྣམས་ཕྱིར་འཐེན་བྱས་ཡོད་ཀྱང་འབྲས་སྤུངས་དགོན་པའི་གྲ་ཤག་ནང་དམག་མི་འཇོག་པ་དང་དགོན་པའི་གཡས་གཡོན་དང་འགྲོ་ལམ་གང་སར་ཉེན་རྟོག་པའི་མོ་ཊ་མཐོང་རྒྱུ་ཡོད་པ་མ་ཟད་འགྲོ་ལམ་ཐོག་ཉེན་རྟོག་པའི་ས་ཚུགས་བཙུགས་ཏེ་དོན་རྐྱེན་ཞིག་བྱུང་འཕྲལ་དགེ་འདུན་པའི་ཐོག་དྲག་གནོན་བྱེད་ཆོག་གྲ་སྒྲིག་ཨང་གསར་ཡོད་པ་རེད། དེ་བཞིན་དགོན་པའི་ནང་དུ་དགེ་འདུན་པ་ཚོར་ནང་ཆོས་བསླབ་པ་སློབ་གཉེར་བྱེད་པའི་མཉམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཏེ་བསུན་བཙིར་ཆེན་པོ་བཟོ་བཞིན་པ་མ་ཟད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གི་དམ་བསྒྲགས་ཆེན་པོའི་འོག་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་འབྲས་སྤུངས་དགོན་དུ་བསྐྱོད་པའི་སྐབས་དགེ་འདུན་པ་རྣམས་གྲ་ཤག་ནས་ཕྱིར་འདོན་དུ་མི་བཅུག་པར་ཕྱི་རྒྱལ་གསར་འགོད་པ་དང་འབྲེལ་མཐུད་བྱེད་རྒྱུ་འགོག་ཐབས་བྱས་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལྷ་ས་གཙུག་ལག་ཁང་དུ་བསྐྱོད་པའི་སྐབས་གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ཀྱང་འབྲས་སྤུངས་དགོན་པ་དང་གཅིག་མཚུངས་ཏང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་པ་དང་གསར་འགོད་པའི་ཉེ་འཁྲིས་སུ་དགེ་འདུན་པ་འདུ་རུབ་བྱས་པ་དང་མང་པོ་མཐོང་རྒྱུ་མེད་པ་རེད།