མའོ་ཤོག་ཁག་གིས་བོད་མི་སྐྱབས་བཅོལ་བ་འཛིན་བཟུང་།
2009.02.23
༄༅༎བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་རང་བཙན་ཆེད་སློབ་ཕྲུག་ལས་འགུལ་གྱིས་བལ་ཡུལ་ནང་མའོ་ཤོག་ཁག་གིས་བོད་མི་སྐྱབས་བཅོལ་བ་འཛིན་བཟུང་བྱས་ནས་བལ་ཡུལ་གྱི་ཉེན་རྟོག་དམག་མིར་རྩིས་སྤྲོད་བྱས་པར་སྐྱོན་བརྗོད་གནང་བའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་མའོ་ཤོག་ཁག་གི་ན་གཞོན་རུ་ཁག་གི་ཚོགས་མི་ཁག་ཅིག་གིས་བལ་ཡུལ་གྱི་རྒྱལ་སའི་ནང་ནས་བོད་མི་ལྔ་འཛིན་བཟུང་བྱས་ནས་བལ་ཡུལ་གྱི་ཉེན་རྟོག་དམག་མིར་རྩིས་སྤྲོད་བྱས་པ་དེ་རྒྱ་ནག་དགའ་པོ་བཟོས་པའི་ཆེད་དུ་ལག་བསྟར་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག
བོད་རིགས་ལྔ་འཛིན་བཟུང་བྱེད་མཁན་མའོ་ངོ་ལོག་ཤོག་ཁག་གི་ན་གཞོན་སྡེ་ཚན་གྱིས་བོད་མི་ལྔ་པོ་བལ་ཡུལ་ནང་དུ་ཁྲིམས་འགལ་གྱི་འཛུལ་ཞུགས་བྱས་པ་མ་ཟད་བོད་ཀྱི་རང་དབང་སྒེར་ལངས་ཀྱི་དུས་ཚིགས་སྲུང་བརྩིའི་ཆེད་དུ་ཁྲིམས་འགལ་གྱི་ཐོག་ནས་འཛུལ་ཞུགས་བྱས་པ་ཡིན་པའི་འགྲེལ་བརྗོད་གནང་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་ལིའུ་ཅེ་ཡི་མཆོག་བལ་ཡུལ་ནང་འཚམས་འདྲིར་ཕེབས་ལ་ཉེ་བའི་དུས་མཚམས་དུ་བོད་མི་ལྔ་འཛིན་བཟུང་བྱས་ཡོད་པ་དང་འདས་པའི་དུས་སུ་ཡང་བལ་ཡུལ་གྱི་ཉེན་རྟོག་དམག་མིས་བོད་མི་འཛིན་བཟུང་བྱས་ནས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། དེ་མ་ཟད་བལ་ཡུལ་གྱི་སྲིད་འཛིན་གསར་པ་པཱར་ཅན་རྡ་མཆོག་རྒྱུན་སྲོལ་གྱི་འགོ་སྟངས་ཀྱི་ཐོག་ནས་རྒྱ་གར་ལ་འཚམས་གཟིགས་ཀྱི་ཆེད་དུ་ཕེབས་དགོས་ཀྱི་ཡོད་ཀྱང་རྒྱ་ནག་ནང་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་གྱི་ལ་ཁག་དཀྲིས་ནས་རྒྱ་ནག་ལ་དང་པོ་ཕེབས་ཡོད་པའི་གནས་ཚུལ་བྱུ་ང་ཡོད་པ་རེད༎