བོད་མིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་བསྐྱོད་དགོས་སྐོར།

བཀའ་བློན་ཁྲི་པ་མཆོག་ནས་བོད་མི་ཚོའི་འཐབ་རྩོད་ཀྱི་ལངས་ཕྱོགས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་མདུན་བསྐྱོད་བྱ་རྒྱུ་གསུངས་འདུག

2009.01.30

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་མི་ཚོའི་འཐབ་རྩོད་ཀྱི་ལངས་ཕྱོགས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་མདུན་བསྐྱོད་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད།

དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཨེམ་རྡ་སྦའརྡེ་ནང་གི་སཱ་སྦར་མ་ཊི་ཨ་ཤི་རཱམ་ཞེས་པའི་ཆོས་ཁང་དུ་གན་རྡིའི་རྒྱ་གར་རང་བཙན་འཐབ་རྩོད་ཚོགས་པ་ཞེས་པས་གོ་སྒྲིག་གནང་བའི་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གན་རྡི་དགོངས་པ་རྫོགས་ནས་མི་ལོ་༦༡འཁོར་བའི་ལོ་འཁོར་གྱི་དྲན་གསོའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་ནང་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཞིག་འཚོལ་གྲུབ་བྱེད་པའི་ལས་དོན་གོམ་གང་མདུན་སྤོས་བྱ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་བོད་མིའི་རང་དབང་གི་འཐབ་རྩོད་ཀྱང་རྒྱ་གར་གྱི་མེས་པོ་དམ་པ་མཱ་ཧཏ་གན་རྡི་མཆོག་གིས་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་རྩོད་ལེན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་ཕྱག་ལེན་གནང་བ་ལྟར་དྲང་བདེན་དང་འཚེ་མེད་ཞི་བའི་རྩ་དོན་མུ་མཐུད་འབད་རྩོན་གནང་རྒྱུ་ཡིན་ཞེས་གསུང་པ་དང་ད་དུང་ཆོས་ཕྱོགས་ཀྱི་བྱེད་སྒོ་གྲུབ་པའི་རྗེས་སུ་བཀའ་བློན་ཁྲི་པ་མཆོག་གིས་གསུང་པར་གལ་ཏེ་བོད་མིའི་ངོས་ནས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་འཁྱོངས་བྱེད་ཐུབ་པ་ཡིན་ཚེ་རྒྱ་ནག་ཕྱོགས་ནས་ཐབས་ལམ་དེར་བསྒྱུར་བཅོས་གཏོང་ཐུབ་རྒྱུ་མིན་པ་དང་དེར་འགྱུར་བ་གཏོང་ཐུབ་པའི་ཐབས་ལམ་གཞན་དག་གང་ཡང་མེད་པ་རེད་ཅེས་གསུང་ཡོད་པ་རེད། འཛམ་གླང་གི་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་བྱ་སྤྱོད་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་མ་ཟད་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་ནག་ཕྱོགས་ནས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་འགྱུར་བ་ཞིག་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎