༢༠༡༠ལོའི་ནང་བོད་རྒྱའི་གྲོས་མོལ་ཡར་རྒྱས་ཡོང་བའི་ཐུགས་རེ།
2010.01.02
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོ་གསར་པ་འདིའི་ནང་བོད་རྒྱའི་དབར་གྱི་འབྲེལ་མོལ་བྱ་རིམ་ལ་ཡར་རྒྱས་ཅུང་ཟད་ཡོང་བའི་ཐུགས་རེ་གནང་གི་ཡོད་པའི་སྐོར་ཁ་ས་གསུངས་ཡོད་པ་རྒྱ་གར་གྱི་ཛིའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
བཀའ་བློན་ཁྲི་པ་མཆོག་གིས་གསུངས་དོན་ལ། ལོ་གསར་པ་ཉིས་སྟོང་བཅུ་ནང་གྲོས་མོལ་གྱི་བྱ་རིམ་ལ་རྣམ་པ་གསར་པ་ཕྲན་བུ་ཞིག་ཐོན་སྲིད་རྒྱུ་ཡིན་པ་དང་ངོས་ནས་གནད་དོན་དེའི་ཐད་རེ་བ་ཆེན་པོ་ཡོད་ཅེས་བརྗོད་རྒྱུ་མིན་ནའང༌། གྲོས་མོལ་གྱི་བརྒྱུད་རིམ་ལ་ཡར་རྒྱས་ཕྲན་བུ་ཡོང་བའི་རེ་བ་ང་ཚོས་བྱེད་ཀྱི་ཡོད་ཅེས་བརྗོད་རྒྱུ་ཡིན་ཞེས་རྒྱ་གར་གྱི་གསར་ལམ་ལ་འགྲེལ་བརྗོད་གནང་འདུག
དེའི་གོང་ལའང་བཀའ་ཁྲི་མཆོག་གིས་རྒྱ་ནག་གི་དཔོན་རིགས་མཉམ་གྲོས་མོལ་བྱ་རྒྱུའི་བྱ་རིམ་དེ་སུན་པོ་དང་དཀའ་འཚེགས་ཅན་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་ཅིང༌། རྒྱ་ནག་གི་དཔོན་རིགས་མཉམ་འབྲེལ་མོལ་ད་ཕན་ཐེངས་བརྒྱད་ཙམ་གནང་ཡོད་རུང་རྒྱ་ནག་གི་ངོས་ནས་ངེས་གཏན་འཁེལ་བའི་ཚོར་སྣང་ལན་འཆར་གང་ཡང་བཏོན་མེད་སྐོར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།།