ལི་ཐང་ནས་ཡིན་པའི་བོད་མི་ཨ་ཐར་ཞུ་བ་འཛིན་བཟུང་།
2012.02.24
༄༅༎བདུན་ཕྲག་འགའ་ཤས་གོང་རྒྱ་ནག་གཞུང་གིས་ཁམས་ལི་ཐང་ནས་ཡིན་པའི་ ཁ་ཤག་ཤོད་མཁན་ཨ་ཐར་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་འདུག ཨ་ཐར་ལགས་ཀྱི་དེ་སྔོན་སྤྱི་ཚོགས་ཀྱི་གནད་དོན་སྐོར་ལ་ཁ་ཤག་གི་སྐད་འཁོར་གཅིག་འགྲེམ་སྤེལ་གནང་ཡོད་པ་མ་ཟད། དེ་རྗེས་རྒྱ་ནག་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་གཏོང་སྟངས་སྐོར་གྱི་སྐད་འཁོར་གསར་པ་ཞིག་འདོན་སྤེལ་གནང་རྒྱུའི་འཆར་གཞི་བྱས་ཡོད་ཀྱང༌། སྐད་འཁོར་གསར་པ་འདོན་སྤེལ་བྱེད་རན་མཚམས་སུ་ ཁོང་རྒྱ་མིས་འཛིན་བཟུང་བྱ་ཉེན་ཡོད་པའི་བློ་དྭོགས་བྱུང་ཡོད་པ་ལྟར། ཉེ་ཆར་མཚན་མོ་ཞིག་ཏུ་མགོ་རས་ནག་པོ་དཀྲི་པའི་རྒྱ་མིའི་དམག་མིས་ཁོང་གི་ཚོང་ཁང་ནས་འཛིན་བཟུང་བྱས་ཏེ། ག་པར་འཁྲིད་ཡོད་མེད་ཤེས་རྟོགས་མེད་པའི་སྐོར་ཨ་ཐར་ལགས་རྒྱུས་མངའ་ཡོད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག་ཅིང༌། ཨ་ཐར་ལགས་ཀྱིས་ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་བོད་ལ་ཕེབས་མཁན་ཞིག་ལ། གལ་སྲིད་ཁོང་འཛིན་བཟུང་བྱས་པ་ཡིན་ན། ཁོང་གི་སྒྲ་འཇུག་བྱས་པའི་སྙིང་གཏམ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད༎