བོད་རྔ་པ་ཀིརྟིའི་དགོན་པའི་མིག་སྔའི་གནས་སྟངས།
2011.05.09
༄༅༎ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ཉིན་གནས་ཚུལ་གོ་གསལ་ལ་རྔ་པ་རང་སྐྱོང་ཁུལ་མི་རིགས་མཐོ་འབྲིང་ སློབ་གྲྭའི་སློབ་མ་རྣམས་ཀྱིས་དེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ནས་ཉིན་ཤས་རིང་ཟས་བཅད་ངོ་རྒོལ་ གནང་སྟེ་རྔ་པ་ཀིརྟིའི་དགོན་པའི་གྲྭ་ཕུན་ཚོགས་ལགས་ལ་གདུང་སེམས་མཉམ་བསྐྱེད་དང་། རྔ་པ་མི་མང་དང་མཉམ་དུ་མཉམ་མྱོང་གནང་ཡོད་པ་ཡིན་ལ། དེ་ལས་ཀྱང་རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ས་གནས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་དྲག་པོའི་དམག་དཔུང་དང་ ཉེན་རྟོག་པ་ཁོ་ན་བེད་སྤྱོད་བྱས་ཤིང་། བོད་མི་རྣམས་འཛིན་བཟུང་དང་དྲག་གནོན་བྱེད་རྐྱང་བྱེད་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བ་ཞིག་ཀྱང་ཡིན་ལ། དེ་རྗེས་སློབ་གྲྭ་དེ་གའི་ དགེ་སློབ་ཚང་མར་དམ་བསྒྲགས་ནན་པོ་་བྱས་ཏེ་ལག་ཁྱེར་ཁ་པར་འཕྲོག་པ་དང་དྲ་ལམ་བཀག་པ་སོགས་ཀྱིས་ཕྱི་ལ་འབྲེལ་བ་ཅུང་ཙམ་ཡང་བྱེད་མ་བཅུག་པར་ཡུན་རིང་བཀག་ཡོད་ལ།
ཕྱི་ཟླ་ ༤ ཚེས་ ༢༢ ཡས་མས་སུ་སློབ་མ་རྣམས་ཀྱི་སློབ་དེབ་དང་ཀློག་དེབ་ལ་རྒྱ་གཞུང་གིས་བརྟག་དཔྱད་བྱས་ཏེ་རྒྱ་གཞུང་གིས་ཆོག་མཆན་ཡོད་པའི་ཐོག་ནས་པར་སྐྲུན་བྱས་པ་མ་ཡིན་པའི་དཔེ་དེབ་ཚང་མ་འཕྲོགས་ཏེ་མེར་སྲེག་བཏང་ཡོད་འདུག་ལ། དེང་ཕྱིན་ཆད་སློབ་གྲྭའི་ནང་སློབ་མ་ཚོས་ཡིག་རྟགས་མེད་པའི་དཔེ་དེབ་རྩ་བ་ནས་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག།སློབ་གྲྭ་དེར་རྔ་པ་རྫོང་ཁོངས་ཀྱི་སློབ་མ་མང་པོ་ཡོད་པ་རྣམས་ཕྱིར་རྔ་པ་རྫོང་ལ་དུས་ཚོད་ངེས་མེད་རིང་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ནས་སློབ་མ་རྣམས་གནས་་སྐབས་ཕ་ཡུལ་ལ་འགྲོ་རྒྱུ་ད་ལྟ་ནས་འགོག་རྒོལ་བྱེད་བཞིན་ཡོད་འདུག
དེ་མིན་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ནས་དམག་དཔུང་གི་གདོང་ལ་ཐོན་ཏེེ་ཀིརྟིའི་དགོན་པ་སྲུང་མཁན་ གྱི་མི་མང་ནང་ནས་རྒན་རྒོན་གཉིས་དེ་སྔ་རྐྱེན་ལམ་དུ་བཏང་བ་དང། ན་གཞོན་ཁག་ཅིག་དངོས་སུ་བཟུང་ནས་བཀག་ཉར་ཁང་དུ་གཅར་རྡུང་མནར་གཅོད་ཁོ་ནས་འོག་གནས་དགོས་བྱུང་ཡོད་ལ། དེ་མིན་གྱི་རྒན་རྒོན་མང་པོ་ཞིག་དེང་སྐབས་ཉིན་རྟག་པར་རྔ་ཆུ་ཁའི་ར་སྐོར་ཞིག་གི་ནང་ལ་བསྡུས་ནས་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བཞིན་ཡོད་འདུག
ཕྱི་ཚེས་ ༨ ཉིན་གནས་ཚུལ་གོ་གསལ་ལ་ཕྱི་ཟླ་ ༤ ཚེས་ ༡༥ ཡས་མས་ཤིག་ནས་རྔ་པ་རྫོང་ཕྱུགས་ལས་ གོང་མའི་ཆོས་རྒྱམ་ཚང་གི་ཆོས་རྒྱམ། རང་ལོ་ ༣༣ ཙམ། མ་མིང་ལ་མ་ནེ་ཡིན་པ་ཁོང་རྔ་པ་ནས་གར་ སོང་ཆ་མེད་དུ་གྱུར་ཡོད་འདུག་མོད། ཟླ་ ༥ ཚེས་ ༣ ཡས་མས་སུ་སི་ཁྲན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་ནས་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པ་མཉམ་འབྲེལ་བྱས་ཏེ་རྔ་པ་རྫོང་ཐོག་ཏུ་ཡོད་པའི་ཁོང་གི་ཨ་མ་མ་ནེའི་ནང་དང་འབྲོག་ན་ཡོད་པའི་ཁོ་རང་གི་ནང་བཅས་སུ་སྔོག་བཤེར་ བྱས་ཡོད་པ་དང་། སྐབས་དེར་ཁོང་ཁྲིན་ཏུའུ་ལ་བཀག་ཉར་བྱས་ཡོད་པ་གསལ་པོ་ཆགས་ཡོད་འདུག ཁོང་གི་ཤུལ་དུ་བཟའ་ཟླ་དང་ལོ་གཅིག་ཡིན་པའི་བྱིས་པ་ཞིག་ཡོད་འདུག
འདི་ལྟར་དུས་ཡུན་ཧ་ཅང་རིང་པོའི་ནང་གར་སོང་ཆ་མེད་དུ་གྱུར་འགྲོ་གི་ཡོད་པ་རྣམས་རྒྱ་གཞུང་གི་གསང་བའི་ལས་ཁུངས་དང་ཉེན་རྟོག་པས་བཀག་ཉར་བྱས་འགྲོ་གི་ཡོད་པ་གསལ་པོ་ཡིན་འདུག་པར་མ་ཟད། ཀིརྟིའི་དགོན་པའི་གྲྭ་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཀྱང་དེ་ལྟར་གར་སོང་ཆ་མེད་དུ་གྱུར་ཏེ་ ཉིན་གྲངས་མང་པོ་སོང་མཚམས་གཞི་ནས་གློད་གྲོལ་གཏོང་སྐབས་མ་གཏོགས་གར་ཡོད་ཅི་བྱུང་གི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱེད་ཐུབ་མེད་པ་ལྟ་བུ་ཧ་ཅང་མང་པོ་ཡོང་གི་ཡོད་འདུག
ཕྱི་ཟླ་ ༤ ཚེས་ ༡༨ ཙམ་ནས་ཀིརྟིའི་དགོན་པའི་ནང་ལ་བུད་མེད་ལོ་ན་ ༥༠ ། ༦༠ ཡས་མས་ཐོབ་ཐང་ ལག་ཁྱེར་ཡོད་པ་རྣམས་གཏོང་གི་ཡོད་ཀྱང་ཕྱི་ཟླ་ ༥ ཚེས་ ༦ ཉིན་ནས་བདུན་ཕྲག་གཅིག་གི་ནང་ ཐེངས་གཅིག་མ་གཏོགས་ཕྱི་མི་ནང་ལ་ཡོང་མི་ཆོག་པའི་གཏན་འབེབས་གསར་པ་བྱས་པ་དང། དགོན་པའི་གྲྭ་ཤག་རེ་རེའི་སྒོ་ལ་དམག་མི་དང་ཉེན་རྟོག་པ་བཞག་སྟེ་དམ་བསྒྲཌ་་ཆེ་རུ་བཏང་ཡོད་པའི་གནས་ཚུལ་འདུག།།