ཐེ་ཝན་ནང་བོད་ཀྱི་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

2022.02.09
ཐེ་ཝན་ནང་བོད་ཀྱི་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག ཐེ་ཝན་ནང་བོད་ཀྱི་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། ༢།༩།༢༠༢༢
RFA

དེ་ཡང་འདི་ཚེས་༩་ཉིན། ཐེ་ཝན་ནང་ཡོད་པའི་བོད་མི་ཚོས་སྣེ་ཁྲིད་ནས་བོད་ཀྱི་རང་དབང་ཆེད་དུ་རྐང་འཁོར་གྱི་ལས་འགུལ་ཞེས་པ་ཞིག་སྤེལ་ནས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་འཁུར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ལས་འགུལ་དེའི་ཐོག་ཐེ་ཝན་ནང་ཡོད་པའི་བོད་པ་དང་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི། ཐེ་ཝན་དང་ཧོང་ཀོང་གི་བོད་དོན་རྒྱབ་སྐྱོར་བ་སོགས་མི་སྣ་ཁག་ཅིག་མཉམ་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཚོགས་རྗེས་ཆར་རླུང་གི་ནང་བོད་ཀྱི་རྒྱལ་དར་དང་རྒྱལ་དར་གྱི་ཁ་རས་གྱོན་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས་ཞུས་ཤིང་། ལམ་བར་དུ་བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས། ཤར་ཏུར་ཀིསུ་ཐན་ལ་རང་དབང་དགོས་ལ་སོགས་པའི་སྐད་འབོད་བརྒྱབ་ཡོད་འདུག

tashi tsering.jpeg
ལས་འགུལ་འདི་གོ་སྒྲིག་ཞུ་མཁན་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས། བོད་མིར་རང་དབང་མ་ཐོབ་བར་དུ་མི་རབས་ནས་མི་རབས་བར་བོད་མི་ཚོས་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་པ་གསུངས་འདུག་ལ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཧོང་ཀོང་གི་མི་སྣ་ཞིག་གིས་༢༠༠༨་ལོར་ཧོང་ཀོང་གི་བུ་མོ་ཞིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་ལ་རྒྱབ་སྐྱོར་ཞུ་སྐབས་ཧོང་ཀོང་གི་མང་ཚོགས་ནས་དོ་འཁུར་བྱས་མེད། བསམ་ཡུལ་ལས་འདས་པར་ད་ཆ་ཧོང་ཀོང་ཡང་བོད་དང་གཅིག་པ་ཆགས་ཡོད་པས་ལས་འགུལ་ནང་མཉམ་ཞུགས་བྱས་པ་གསུངས་འདུག ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་གཉིས་ནས་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་པ་དང་ཐེ་ཝན་གྱི་བོད་མིར་རྒྱབ་སྐྱོར་དང་རོགས་སྐྱོར་ཞུས་པ་འདི་ཁྱད་པར་ཆེན་པོ་ཞིག་རེད། ཐེ་ཝན་གྱིས་བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་ཆེད་ཀྱི་སྐད་སྒྲ་བཏོན་པ་འདི་ནི་ཐེ་ཝན་མདུན་དུ་ལངས་ནས་རྒྱ་ནག་ལ་ཁ་གཏད་ཀྱི་ཡོད་པས་རེད། ཐེ་ཝན་གྱི་མི་སྣ་མང་ཙམ་གྱིས་བོད་ལ་རྒྱབ་སྐྱོར་ཡོང་བ་དང་ནད་ཡམས་མཇུག་སྒྲིལ་མཚམས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བསྐྱར་དུ་ཐེ་ཝན་ལ་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་རེ་སྒུག་ཞུ་བཞིན་ཡོད་ཅེས་གསུངས་འདུག ལོ་འདིའི་རྐང་འཁོར་གྱི་ལས་འགུལ་ཐོག་མ་འདི་ཚེས་༩་ཉིན་ཉིན་སྤེལ་པ་བརྒྱུད་མ་འོངས་པའི་དུས་ཚོད་ནང་ཐེ་པེ་དང་ཐེ་ནན། ཀའོ་ཞུང་སོགས་ས་གནས་སུ་བོད་ཀྱི་རང་དབང་ཆེད་རྐང་འཁོར་གྱི་ལས་འགུལ་ཁྱོན་ཐེངས་བདུན་སྤེལ་འཆར་ཡོད་འདུག

གསར་འགོད་པ། ཞཱ་ཞོ་ཧཱ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎