བོད་མིའི་བེུད་ལས་བྱེད་ཅིག་ལ་ལོ་ལྔའི་བཙོན་འཇུག་ཐག་གཅོད།
2008.11.19
༄༅༎དེ་ཡང་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཨ་མདོ་རྔ་བའི་ཀུན་ཆུ་གྲོང་ཚོའི་ནང་གི་རྒྱ་ནག་གཞུང་གི་ལས་བྱེད་བེུད་ནོར་འཛོམས་དབང་མོ་ཞུ་བས་ཁ་དཔར་དང་ཨིན་ཊར་དྲ་རྒྱ་བརྒྱུད་བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་ལ་ངོ་སྤྲོད་བྱས་པའི་ནག་ཉེས་ཉེས་བཙུགས་བྱས་ཏེ་རྒྱ་ནག་གཞུང་གིས་ཁོ་མོ་ལོ་ངོ་ལྔ་བཙོན་འཇུག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་ཅེས་གོང་ཞུས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག
ནོར་འཛོམས་དབང་མོའི་གྲོགས་མོ་ཞིག་ནས་ནོར་འཛོམས་བཙོན་འཇུག་བྱས་པ་ཤེས་རྟོགས་བྱུང་བའི་རྗེས་ཁོང་གི་སྙོང་སྟོབས་ལ་བསྔགས་བརྗོད་ཀྱི་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་ཁྱེད་ཀྱི་སྐུ་ཚེའི་ནང་གི་ལོ་ན་ཡག་ཤོས་དེ་བཙོན་ཁང་ནག་པོའི་ནང་སྐྱེལ་དགོས་བྱུང་ཡོད་ཀྱང་ཁྱེད་རང་གི་རྨི་ལམ་དང་རླབས་ཆེན་གྱི་བློ་སྟོབས་དེས་ངའི་ཡིད་དགའ་དགོས་པའི་གནས་སུ་གྱུར་སོང་བ་དང་དེ་ཡིས་ཁྱེད་ཀྱི་སྙོང་སྟོབས་དང་ལྟ་ཚུལ་བཙོན་ཁང་ནང་མཉམ་དུ་གནས་པ་ལྟ་བུ་འདུག ཡང་དེ་ཡིས་ཁྱེད་ཀྱི་བསྐྱར་དུ་ང་ལ་འགྲེལ་བརྗོད་བྱས་པ་བལྟ་བུ་འདུག ངའི་གྲོགས་མོ།སོགས་ནོར་འཛོམས་དབར་མོའི་གྲོགས་མོས་ཁོང་ལ་བྲིས་པའི་བསྔགས་བརྗོད་ཀྱི་ཡི་གེ་དེའི་ནང་འཁོད་ཡོད་པ་རེད། དེ་ག་ནང་བཞིན་ཡང་བོད་དོན་ལས་འགུལ་ཁང་ནས་འགྲེམས་སྤེལ་གནང་བའི་གནས་ཚུལ་གཞན་ཞིག་ནང་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་སོ་གཅིག་ཉི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེན་རྟོག་མི་སྣས་འདི་ལོ་དགུང་གྲངས་བརྒྱད་ཅུ་རྒྱ་གཅིག་ལ་ཕེབས་པའི་བོད་མི་དཔལ་འབྱོར་ནོར་བུ་ལགས་ཞུ་བར་ལོ་བདུན་རིང་བཙོན་འཇུག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་བཞག དེའི་དོན་རྐྱེན་ནི་འདི་ལོ་གསུམ་པའི་ཚེས་བཅུ་དང་འབྲེལ་བ་ཆགས་ཀྱི་མེད་རུང་ཡིན་ནའང་ཁོང་ནི་རྒྱུན་དུ་ལྷ་སའི་བར་སྐོར་ནང་དཔེ་ཆ་དཔར་སྐྲུན་གྱི་ཚོས་ལས་གནང་མཁན་ཡིན་པར་བརྟེན་ཁོང་ནས་ནང་པའི་དཔེ་ཆ་མང་པོ་ཞིག་དཔར་སྐྲུན་བྱས་ནས་བོད་ཀྱི་དགོན་སྡེ་ཁག་དང་དེ་བཞིན་གཞོན་སྐྱེས་ཚོར་འགྲེམས་སྤེལ་བྱས་པའི་ཉེས་བཙུགས་ཀྱི་འོག་ནས་ས་གནས་ཉེན་རྟོག་མི་སྣང་ཁོང་གི་ཁྲོམ་ར་སྒོ་རྒྱབ་བཅུག་ཡོད་པ་མ་ཟད་ཁོང་ལོ་ངོ་བདུན་རིང་བཙོན་འཇུག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་ད་ཆ་ཁོང་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མིན་གསལ་པོ་ཤེས་རྟོགས་མེད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ནང་འཁོད་འདུག