སྐྱེ་རྒུ་མདོར་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས།

རྒྱ་ནག་གཞུང་གིས་བོད་མིའི་ས་ཁང་བཙན་འཕྲོག་བྱས་པར་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་འདུག

2012.07.01

༄༅༎འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་དང༌། བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ། ཉེ་ཆར་ཁམས་སྐྱེ་རྒུ་མདོར་བོད་པའི་བེུད་ཅིག་གིས་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་ཐོན་པ་དེ་ནི།  ཁམས་སྐྱེ་རྒུ་མདོར་ས་ཡོམ་གནོད་འཚེ་ཚབས་ཆེ་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་ས་ཁུལ་དེའི་ནང་གི་བོད་མི་ཚོའི་ས་ཁང་སྔར་ཡོད་རྒྱ་ཁྱོན་མ་སྤྲད་པ་དང་ཡང་ན་གཞུང་བཞེས་བཏང་བ་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན་པ་བརྟེན་ནས་རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེག་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁམ་ཚན་དུ་སློབ་གཉེར་གནང་བཞིན་པ་སྐུ་ཞབས་ངག་དབང་སྟོབས་ལྡན་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ཕྱི་ཟླ་དྲུག་པའི་ཚེས་༢༧ ཉིན་ཁམས་སྐྱེ་རྒུ་མདོའི་དགོན་པའི་གཤམ་གྱི་སྐྱེ་རྒུ་གྲོང་ཁྱེར་དུ་བུད་མེད་ལོ་ན་༤༠ ཡས་མས་ཡིན་པ་ཞིག་གིས་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་ཁུངས་ལྡན་ཡིན་པ་དང༌། ཡིན་ནའང་བུད་མེད་དེའི་མིང་དང་སྡོད་གནས་གསལ་པོ་ཤེས་རྟོགས་ཐུབ་མེད་ཅིང༌། སྐྱེ་རྒུ་མདོའི་ས་གནས་བོད་མིས། ད་ལྟ་བུད་མེད་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་དང༌། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་དང་སྤུན་གཉེན་སོགས་སྨན་ཁང་དུ་ཐུག་འཕྲད་བྱེད་དུ་བཏང་མེད་པ་མ་ཟད། བུད་མེད་དེའི་གནས་སྟངས་ཀྱང་གསལ་པོ་ཞིག་ཤེས་རྟོགས་ཡོང་གི་མེད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད། འདས་པའི་ལོ་འགའ་ཤས་གོང་ལ་སྐྱེ་རྒུ་མདོ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་འཛུགས་སྐྲུན་སླར་གསོ་བྱེད་རྒྱུ་ཡིན་པ་བཤད་དེ། ས་གནས་སུ་ལྟ་རྟོགས་རུ་ཁག་ཆེད་བཙུགས་བྱས་སྟེ། ས་གནས་མི་དམངས་ཀྱི་ས་ཁང་གཞུང་བཞེས་བཏང་བ་དང༌། མི་དམངས་ཚོའི་སྔར་གྱི་ས་ཁང་གི་ཐོབ་ཐང་རྣམས་དང༌། སྔར་ཆགས་སའི་ས་ཆའི་གནས་བབ་མ་སྤྲད་པའི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པར་བརྟེན་ནས། ས་གནས་སུ་རྒྱ་ནག་གཞུང་གི་གཡོ་ཇུས་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་མང་པོ་བྱུང་བཞིན་ཡོད་པར་བརྟེན། སྐྱེ་རྒུ་མདོའི་མི་དམངས་ཀྱིས། གོང་གསལ་བུད་མེད་དེ་ཡིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་བར་ཚོད་དཔགས་བྱེད་ཀྱི་ཡོད་པ་ལས། དོན་དངོས་རྒྱུ་མཚན་གང་ཞིག་གི་ཆེད་དུ་རང་ལུས་མེ་བསྲེག་བཏང་བ་ཡིན་མིན་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་པའི་སྐོར་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎