རྔ་བར་བུད་མེད་ཅིག་ནས་རང་ལུས་མེར་བསྲེག་བཏང་།
2012.03.04
༄༅༎དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༤ ཉིན་བོད་ཀྱི་མདོ་སྨད་རྔ་བ་ཁུལ་དུ་བུད་མེད་ཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་ཡོད་པའི་སྐོར་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག
དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༦།༣༠ ཙམ་ལ་རྔ་བ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་གཏན་སྡོད་བྱས་ཏེ་ཀིརྟི་དགོན་པར་དམིགས་བསལ་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་སྒོ་མདུན་དུ། རྔ་བ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་རིན་ཆེན་ཞུ་བ། རང་ལོ་ ༣༢ ཡིན་པ་ཁོང་གིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེག་བཏང་སྟེ། མེ་བསྲེག་བཏང་ས་རང་དུ་འདས་གྲོངས་ཕྱིན་ཡོད་པ་རེད། སྐབས་དེར་ཁོང་གི་སྐུ་ཕུང་དགོན་པའི་ནང་དུ་འཁྱེར་ཐུབ་པ་བྱུང་ཡོད་ཀྱང་ད་ལྟའི་འཆར་་སྐུ་ཕུང་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཀྱང་རིན་ཆེན་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་དེ་བྱུང་མ་ཐག་རྔ་པའི་རྫོང་ཐོག་ཏུ་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་སྔར་བས་འཕན་སྣོན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
རིན་ཆེན་ལགས་ནི་ནགས་ཚང་མའི་ར་སྣ་ཚང་གི་བུ་མོ་ཡིན་ཞིང༌། ཕ་ཡི་མཚན་ལ་ར་སྣ་དང་མ་ཡི་མཚན་ལ་ལྷ་ཁོ་ཞུ་བ་ཡིན་ཞིང། ཁོང་རྭ་རུ་བའི་ལམ་དཀར་ཚང་གི་བུ་བྷུ་ངྷའི་མནའ་མ་ཡིན་པ་རེད། ཁོང་གི་གཟའ་ཟླ་ལོ་གཅིག་གི་སྔོན་ལ་འདས་གྲོངས་ཕྱིན་ཡོད་པར་བརྟེན་ད་ཆ་ཁྱིམ་ཚང་གི་ཤུལ་དུ་ཕ་མ་གཉིས་ཀ་མེད་པའི་ཕྲུ་གུ་ ༤ ལྷག་ཡོད་པའི་ནང་ནས་ཆེ་ཤོས་ལོ་ ༡༣ དང་། ཆུང་ཤོས་་ཟླ་ངོ་ཁ་ཤས་ལས་སོན་མེད་པའི་བྱིས་པ་ཞིག་ཡོད་དང། ཁོང་གི་ཕ་མའི་ཁྱིམ་དུའང་ཕ་མ་གཉིས་གཙོས་པའི་ནང་མི་ཁྱོན་བརྒྱད་ཡོད་པ་དང་། ཕ་མ་གཅིག་པའི་སྤུན་མཆེད་མིང་སྲིང་བརྒྱད་ཡོད་པའི་ནང་ནས་ཆེ་ཤོས་ཨང་གཉིས་པ་དེ་ཡིན་པ་རེད།།