བོད་ཀྱི་བུད་མེད་ཚོས་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བ།
2009.03.12
༄༅༎བཙན་བྱོལ་ལ་གནས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ད་ལོའི་གསུམ་བཅུའི་དུས་ཀྱི་སྐབས་སུ་བོད་པའི་བུད་མེད་ཚོས་བོད་རང་དབང་གི་འཐབ་རྩོད་གནང་སྟེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་ཆེད་བོད་པའི་བུད་མེད་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་མངོན་པའི་དཔར་རིས་དང་དཔེ་དེབ་དེ་བཞིན་གློག་བརྙན་ལ་སོགས་པའི་འགྲེམ་སྟོན་གྱི་བྱེད་སྒོ་ཞིག་བརྩམས་གནང་རྒྱུ་ཡིན་པ་རེད་འདུག
དེའང་སྤྱི་ལོ་ཉིས་སྟོང་དགུ་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་ཀྱི་ཉིན་མོ་དེ་ནི་འཛམ་གླིང་ས་ཕྱོགས་ཀུན་ཏུ་གནས་པའི་བོད་པའི་བུད་མེད་ཚོའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་དྲན་གསོའི་ཉིན་མོ་ཞིག་ཡིན་ཞིང་ལོ་ངོ་ལྔ་བཅུའི་གོང་གི་དེ་རིང་གི་ཉིན་མོ་དེར་བོད་པའི་བུད་མེད་ཚོས་རྒྱ་ ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལོག་བྱེད་ཆེད་བོད་ཀྱི་བུད་མེད་ཚོགས་པ་དེ་ཐོག་མ་བཙུགས་གནང་ཞིང་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་གལ་ཆེའི་ཉིན་མོ་དེ་ཡིན་ཞིང་ད་ཆ་ལོ་ངོ་ལྔ་བཅུ་ཕྱིན་པའི་དུས་དྲན་ཉིན་མོ་དེ་ལ་དྲན་གསོ་དང་སྲུང་བརྩི་ཞུ་ཆེད་བཙན་བྱོལ་ལ་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དང་ཐོག་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བུད་མེད་ཚོའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་མངོན་པའི་དཔར་རིས་དང་དཔེ་དེབ་དེ་བཞིན་དངོས་བཤུས་གློག་བརྙན་ལ་སོགས་པའི་འགྲེམ་སྟོན་གྱི་བྱེད་སྒོ་ཞིག་བརྩམས་གནང་རྒྱུ་ཡིན་པ་དང་དེ་ནས་རིང་མིན་ཨེ་ཤི་ཡ་དང་ཡོ་རོབ་དེ་བཞིན་ཨ་མི་རི་ཀ་དང་ཨོ་སི་ཀྲོ་ལི་ཡའི་ནང་གོང་གསལ་གྱི་འགྲེམ་སྟོན་བྱེད་སྒོ་དེ་མུ་མཐུད་བསྐྱངས་སྤེལ་གནང་སྟེ་འཛམ་གླིང་ས་ཕྱོགས་ཁག་གི་མི་དམངས་ཚོར་བོད་ཀྱི་གནས་སྟངས་དང་བོད་ཀྱི་བུད་མེད་ཚོའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད་འདུག གཞན་ཡང་ད་རེས་བོད་ཀྱི་བུད་མེད་ལྷན་ཁང་ནས་རྒྱ་གར་གཞུང་དམངས་གཉིས་ཀས་ད་བར་བོད་མིའི་ཐོག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་རྒྱུ་ཡིན་ཞེས་གསུངས་འདུག།