ལྷོ་ཨ་ཕི་རི་ཀའི་ནང་གཏན་སྡོད་བོད་མི་ཚོས་ཞི་བའི་གོམ་བགྲོད།
2009.05.20
༄༅༎ལྷོ་ཨ་ཕི་རི་ཀའི་ནང་དུ་གཏན་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་བཞི་ཅུ་ལྷག་ཙམ་གྱིས་ཆུང་སྲིད་པན་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ལོ་ངོ་བཅུ་བཞི་ཙམ་འཁོར་བའི་དུས་སྐབས་དང་བསྟུན་ནས་ཞི་བདེ་དང་བྱམས་བརྩེ་ཞེས་བརྗོད་གཞིར་བཀོད་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད།
ལྷོ་ཨ་ཕི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཕྱི་ཚེས་བཅུ་བདུན་ཉིན་ཁུལ་དེའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་བཞི་ཅུ་ལྷག་ཙམ་གྱིས་སྟོད་གོས་སེར་པོའི་སྟེང་བོད་ནང་ཞིབདེ་ཞེསབཀོད་པ་ཞིག་གྱོན་པའི་ཐོག་ལག་ཏུ་ཞི་བའི་གོམ་བགྲོད་བྱེད་དགོས་པའི་རྒྱུ་མཚན་དང་ལྡན་པའི་འཕྲེད་དར་དང་རས་དར་སོགས་འཁྱེར་ནས་གྲོང་ཁྱེར་དེའི་ནང་ཡོད་པའི་མཱ་ཧཏ་མ་གེན་རྡིའི་ཐང་ཆེན་ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སེན་མན་ཌེ་ལའི་དྲན་རྟེན་གྱི་ཟམ་པའི་བར་ཀི་ལོ་མི་ཊར་བཞི་ཙམ་གྱི་རྒྱང་ཐག་ཐོག་བདེན་ཚིག་སྨོན་ལམ་འདོན་གནང་བ་དང་ཆབས་ཅིག་གོམ་བགྲོད་གནང་ཡོད་པ་རེད། སྐབས་དེར་ལྷོ་ཨ་ཕི་རི་ཀའི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་ལྷོ་ཨ་ཕི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་བཅས་ནས་གསུང་བཤད་གནང་བའི་ཐོག་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་ནས་བོད་དང་འབར་མ།ལྷོ་ཨ་ཕི་རི་ཀའི་ཡུལ་ལུང་བཅས་ནང་དྲག་ལས་དང་སྡུག་བསྔལ་སེལ་ཐབས་ཀྱི་འབད་བརྩོན་གནང་དགོས་པ་དང་དེ་བཞིན་པན་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པ་དང་རང་དབང་ཅན་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ད་ལྟའི་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་གནང་དགོས་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་བོད་ནང་གི་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་ཆེད་གཏོང་དགོས་པ་སོགས་བཀོད་པའི་རྒྱབ་གཉེར་གྱི་ཡིག་ཆ་ཞིག་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་ལ་ཕུལ་ཡོད་པ་མ་ཟད་དེའི་འདྲ་བཤུས་ཁག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་དང་ཡོ་རོབ་སྒྲིག་འཛུགས་ཀྱི་སྐུ་ཚབ་དེ་བཞིན་དེར་ཡོད་རྒྱ་ནག་གཞུང་ཚབ་ལས་ཁང་བཅས་པར་ཕུལ་ཡོད་ལུགས་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་བཀོད་བཞག།