བོད་ནང་ལོ་གསར་སྲུང་བརྩི་དགོས་པའི་བཙན་བཀའ།
2012.02.19
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་བརྩི་ཟབ་རྒྱས་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད་འདུག
ལྷ་སར་གྲོང་ཁྱེར་ཁྱབ་ཁོངས་ལས་ཁུངས་ཁག་གཙོ་བོར་གྱུར་བའི་ལས་ཁུངས་ཁག་གི་ལས་བྱེད་དང་། མང་ཚོགས་རྣམས་ལ་བོད་ཀྱི་ལོ་གསར་དགའ་སྟོན་ཆེད་ངེས་པར་ཞབས་གཞས་སྦྱང་སྟེ་འཁྲབ་སྟོན་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག ལྷག་པར་དུ་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ་ནས་ཐེམ་དུད་བརྒྱ་རེ་འདེམས་སྒྲུག་གིས་ཞབས་གཞས་འཁྲབ་རྒྱུར་སྐུལ་སློང་བྱེད་དགོས་པ་དང། གལ་ཏེ་འདེམས་སྒྲུག་ཟིན་པའི་ཁྱིམ་ཚང་སུ་ཞིག་ནས་འཁྲབ་སྟོན་ནང་མཉམ་ཞུགས་བྱེད་འདོད་མེད་པའམ་གཞོགས་འདེགས་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་ཚེ་དེ་དག་ལ་རྒྱུན་གཏན་མཐུན་འགྱུར་དགོས་ངེས་རིགས་བཀག་འགོག་བྱ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག། ཡང་འདི་ག་རླུང་འཕྲིན་ལ་བོད་ནས་གནས་ཚུལ་གསུངས་དོན་ལྟར་ན། བར་ལམ་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོའི་ནང་ རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་ལ་ངོ་རྒོལ་བྱ་ཆེད་ ད་བར་བོད་མི་ཉི་ཤུ་རྩ་བཞིས་རང་ལུས་ཞུགས་འབུལ་གནང་བ་མ་ཟད། ཞི་བའི་ངོ་རྒོལ་བྱེད་མཁན་བོད་མི་ཁག་ཅིག་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ཏེ་དམར་གསད་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ འདི་ལོའི་ལོ་གསར་གཏོང་རྒྱུ་མིན་པའི་སྦྱར་ཡིག་རིམ་པ་བཞིན་ཐོན་བཞིན་ཡོད་པར་བརྟེན། ཁམས་ཀྱི་ས་ཁུལ་དཀར་མཛེས་དང༌། བྲག་མགོ། སྡེ་དགེ་བཅས་པའི་ནང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་རྒྱ་མིའི་སྒོར་མོ་ཉིས་སྟོང་ཙམ་སྤྲད་ནས་ལོ་གསར་སྲུང་བརྩི་བྱེད་དགོས་པའི་སྐུལ་སློང་བྱེད་བཞིན་ཡོད་ཀྱང༌། བོད་མི་རྣམས་ཀྱི་ངོས་ལེན་གནང་གི་མེད་པ་མ་ཟད་བོད་ནང་གདུག་རྩུབ་མནར་གཅོད་མྱང་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ལོ་གསར་དགའ་སྟོན་གནང་འཆར་མེད་པའི་གསལ་བསྒྲགས་སྔ་རྗེས་གནང་བའི་ཁར་ བོད་ཀྱི་གཞོན་ནུ་ལྷན་ཚོིགས་ཀྱིས་བོད་མིའི་འདུས་སྡོད་ཡོངས་སུ་ལོ་གསར་དགའ་སྡོན་འགྲོ་གྲོན་ཞལ་འདེབས་འདུ་རུབ་བགྱིས་ཏེ་མ་འོངས་རྒྱལ་ཁབ་འཛུགས་སྐྲུན་གྱི་ཐེབས་རྩ་གསར་འཛུགས་ཆེད་ཞལ་འདེབས་དངུལ་འབོར་ཇི་བྱུང་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ལ་འབུལ་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་ཟིན་འདུག།