དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་འགྲོ་མིན་སྐོར།
2008.11.18
༄༅༎བཙན་བྱོལ་བོད་གཞུང་གིས་འཛིན་བཞིན་པའི་ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་འགྱུར་བ་འགྲོ་དང་མི་འགྲོ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་རག་ལུས་ཀྱི་རེད་ཅེས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིས་གསུང་གནང་ཡོད་འདུག
དེ་ཡང་འདི་ཚེས་བཅུ་བདུན་ནས་འགོ་འཛུགས་ཀྱི་ཉིན་གྲངས་དྲུག་རིང་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་བཞིན་པ་ལྟར་ཚོགས་ཆེན་དེའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དམིགས་བསལ་ཚོགས་ཆེན་གྱི་དགོས་པ་གཙོ་བོ་ནི་གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་བོད་ཀྱི་རྩ་དོན་ཐོག་གཞི་རིམ་མང་ཚོགས་ཀྱིས་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་ཡོང་བ་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ཐབས་ལམ་ལ་རྒྱུན་ལྡན་བརྒྱུད་ལམ་ཁག་དང་མང་ཚོགས་ནང་དགོངས་ཚུལ་སྣ་ཚོགས་གསུང་མཁན་ཡོད་པ་སྤྱི་དང་ཁྱད་པར་དུ་སྐྱོན་བརྗོད་གནང་མཁན་རྣམས་ཀྱི་དགོངས་ཚུལ་རྣམས་གཞུང་འབྲེལ་སྡིངས་ཆའི་ཐོག་སླེབས་ཐུབ་པ།འབྱུང་འགྱུར་བོད་མིའི་རྩ་དོན་ཐོག་ལངས་ཕྱོགས་ཇི་འདྲ་ཞིག་བཟུང་ཡང་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་གསལ་པོ་ཆགས་ཐུབ་པ་དང་བོད་མིའི་ནུས་པ་ཆིག་བསྒྲིལ་ཡོད་བཞིན་པ་དེ་དག་རྒྱལ་སྤྱིའི་ནང་གསལ་མཚོན་ཐུབ་པ་ཞིག་ཡོང་ཐབས་སུ་དམིགས་པ་ཡིན་པའི་འགྲེལ་བརྗོད་གནང་བ་དང་སྦྲགས་ད་ལྟ་བོད་གཞུང་གི་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་མི་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་ཞིག་ཡིན་སྟབས་དེར་འགྱུར་བ་འགྲོ་དང་མི་འགྲོ་ནི་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རག་ལུས་པ་དང་གལ་སྲིད་བོད་མི་མང་ཆེ་བའི་རང་བཙན་རྩོད་ལེན་བྱེད་རྒྱུར་མོས་མཐུན་གནང་བ་དང་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཐག་གཅོད་གནང་བ་ཡིན་ཚེ་བཙན་བྱོལ་བོད་གཞུང་ནས་ཀྱང་སྤྱི་འཐུས་ཀྱི་ཐག་གཅོད་དེའི་ཐོག་བསྐྱོད་དགོས་པ་ཆགས་ཀྱི་རེད་ཅེས་གསུང་ཡོད་སྐོར་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག