པན་ཆེན་སྐུ་ཕྲེང་བཅིུག་པའི་འཁྲུངས་སྐར་ལ་དྲན་གསོ།
2011.04.26
༄༅༎པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་ཚེས་ཐོག་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱ་ནག་ལ་ཡང་སྲིད་རིན་པོའི་དངོས་ཡོད་གནས་ཚུལ་མཁོ་སྤྲོད་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག་། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༢་ ལ་ཕེབས་པའི་འཁྲུངས་ཚེས་དྲན་གསོ་ཞུས་པ་དང་ཆབས་ཅིག་བོད་རིགས་གཞོན་དུ་ལྷན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་བཞུགས་སྒར་དུ་དམིགས་བསལ་གྱི་འདུ་འཛོམས་ཤིག་གནང་ཡོད་ཅིང་ འདུ་འཛོམས་དེའི་སར་བོད་མི་རྣམས་ཀྱི་མཚན་རྟགས་བསྡུ་རུབ་གནང་ནས་ཡོངས་ཁྱབ་ཀྱི་ཕྱག་བྲིས་ཕུལ་བའི་ནང་ རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགོ་ཁྲིད་ ཀྲུའུ་ཝེ་ཆུན་ ལ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག་། འཁྲུངས་ཚེས་སྲུང་བརྩིའི་མཛད་སྒོའི་ཐོག་བོད་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་མཉམ་ཞུགས་གནང་ཡོད་པ་དང་ ལྷག་པར་དུ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དངོས་སུ་ཚོགས་བཅར་གནང་མེད་ཀྱང་ གསུང་འཕྲིན་ཞིག་གནང་བའི་ནང་ པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུ་ཁམས་བདེ་བཞུགས་ཀྱི་ཐུགས་སྨོན་དང་ གདུང་སེམས་མཉམ་སྐྱེད་གནང་བ་མ་ཟད་ ཁོང་གིས་ཆོས་ཕྱོགས་ཀྱི་ཐུགས་འགན་གང་ཡོད་པ་དེ་རང་དབང་གི་ཐོག་ནས་ཕྱག་ལེན་བསྟར་རྒྱུའི་བཀའ་ཁྲོལ་ཐོབ་པའི་རེ་འདུན་བཏོན་གནང་འདུག་། རྒྱ་ནག་གིས་པཎ་ཆེན་སྐུ་ཕྲེང་ ༡༡་ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གསལ་བསྒྲགས་གནང་བ་དང་ ཕྱི་ལོ་ ༡༩༩༥་ལོར་ ཁོང་གི་ཡབ་ཡུམ་གཉིས་ཀྱི་ལྷན་དུ་བཙན་འཁྲིད་བྱས་ནས་ དུས་ད་ལྟ་ཡང་རྒྱ་ནག་གིས་ཁོང་གི་གནས་སྟངས་སྐོར་བདེན་པའི་གནས་ཚུལ་གསལ་པོ་གང་ཡང་འགྲེལ་བརྗོད་བྱས་མེད་ཅིང་། སྐུ་འཚོ་བཞུགས་ཡིན་མིན་གྱི་ཐུགས་འཚབ་གནང་མཁན་ཡང་མང་པོ་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།