བོད་ནང་རང་ལུས་མེར་བསྲེག་བཏང་དོན་ཐད་བསམ་ཚུལ།
2011.11.03
༄༅༎བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་དེའི་ཐོག་བཙན་བྱོལ་བོད་མི་ཚོའི་ངོས་ནས་བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཨེ་ཨེཕ་པི་གསར་ལས་ཁང་ནས་བཙན་བྱོལ་ནང་གི་བོད་མི་ཁག་ཅིག་ལ་ཉེ་ཆར་ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དེའི་སྐོར་བསམ་ཚུལ་འདྲི་བརྩད་བྱེད་པའི་སྐབས། རྒྱལ་ས་ལྡི་ལིའི་ནང་གནས་སྡོད་སྨན་ཞབས་པའི་སློབ་སྦྱོང་བྱེད་བཞིན་པའི་བུ་མོ་བཀྲིས་ཆོས་འཛོམས་ཀྱིས། རྩ་བའི་བོད་ནང་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ལ་རྒྱལ་སྤྱིའི་ནང་ནས་ཀྱང་རྒྱབ་སྐྱོར་ཐོབ་ཀྱི་ཡོད་རེད། ཡིན་ནའང་ང་ཚོའི་ནང་ཆོས་ནང་རང་སྲོག་རང་གིས་བཅད་པ་དེ་ནི་ནོར་འཁྲུལ་ཡིན་པར་གསུངས་ཀྱི་ཡོད་སྟབས་དེ་དག་མཚམས་འཇོག་བྱེད་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་བྱེད་འདུག འོན་ཀྱང་བཞུགས་སྒར་ཁུལ་གནས་སྡོད་དགེ་བཤེས་བློ་བཟང་ལགས་ནས། ནང་ཆོས་ནང་གཞན་གྱི་སྲོག་གཅོད་རྒྱུ་དེ་སྡིག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་དང་ཕྱོགས་མཚུངས་བྱ་བ་གང་བྱེད་ཀྱང་དེའི་ཀུན་སློང་རྒྱུ་མཚན་དང་ལྡན་པ་ཞིག་དང་ཀུན་སློང་བཟང་པོ་ཞིག་ཡིན་ན་འགྲིགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་གི་ཀུན་སློང་ཡག་པོ་དང་ཕན་པའི་བློ་ཞིག་འཛིན་ཡོད་པ་ཡིན་ན་དེ་ནི་སྡིག་པ་ཡིན་པར་བརྩིས་ཀྱི་མ་རེད་ཅེས་དགོངས་ཚུལ་གསུངས་འདུག ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ནས། བོད་ནང་གི་བོད་མི་གཞོན་སྐྱེས་དེ་དག་ནས་རང་ལུས་མེར་བསྲེགས་བཏང་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་གསལ་པོ་ཤེས་རྟོག་ཐུབ་པ་དགོས་ཀྱི་རེད། ཁོང་ཚོར་སྡུག་སྦྱོང་ཚད་མེད་བཏང་གི་ཡོད་པའི་རྐྱེན་གྱིས་སོ་སོའི་བསམ་ཚུལ་དང་དགོས་འདུན་བཏོན་ཡུལ་མེད་པ་ཞིག་ཆགས་ཀྱི་ཡོད་ཙང་ཐབས་ལམ་འདི་འདྲ་ཞིག་མ་གཏོགས་ལྷག་མེད་པ་རེད་ཅེས་གསུངས་འདུག དེ་བཞིན་བལ་ཡུལ་ནང་ཚེ་དབང་སྒྲོལ་མ་ཞེས་པ་རང་ལོ་ཉི་ཤུ་རྩ་བརྒྱད་སོན་པའི་ན་གཞོན་མ་ཞིག་ནས། ང་རང་སྒེར་གྱི་ངོས་ནས་བཤད་ན་ནང་པའི་ཆོས་ཕྱོགས་ཀྱི་ཐོག་ནས་རང་སྲོག་བཅད་རྒྱུ་དེ་སྡིག་པ་རེད་བསམ་གྱི་འདུག ཡིན་ནའང་ཁོང་ཚོ་རང་ཉིད་ཀྱི་ཆོས་དང་ཡིད་ཆེས་རང་དབང་གི་ཐོག་ནས་བྱེད་ཆོག་གི་མེད་པར་བརྟེན་འ་ཆད་འུ་ཐུག་གི་སྲོག་བཅད་པ་ཞིག་བསམ་གྱི་འདུག་ཅེས་འགྲེལ་བརྗོད་བྱེད་འདུག