བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་པ།
2008.11.16
༄༅༎རེས་གཟའ་སྤེན་པའི་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཛམ་གླིང་གི་དབུ་ཁྲིད་རྣམ་པའི་ཛ་དྲག་གི་དཔལ་འབྱོར་ལྷན་ཚོགས་ཚོགས་པའི་སྐབས་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་ལྦ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཆེ་བ་དང་འབྱོར་ལྡན་རྒྱལ་ཁབ།ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡང་ཡོད་པར་བརྟེན་ནས་སྔ་དྲོའི་ཚོུད་བདུན་པ་ནས་བོད་མི་ངོ་རྒོལ་གནང་མཁན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་མོ་ཊ་སྦ་སེ་གསུམ་དང་དེ་བཞིན་རྒྱལ་སའི་ཉེ་ཁྲིད་ཀྱི་ས་གནས་ཤ་ལེ་སི་ལྦིལ་དང་འདི་ག་ས་གནས་ཀྱི་བོད་མི་བཅས་འདུ་འཛོམས་ཀྱིས་སྔ་དྲོའི་ཚོུད་བདུན་པ་ནས་ཕྱི་དྲོའི་ཚོུད་གསུམ་པ་བར་ཚོགས་འདུ་ཚུགས་ཡུལ་གྱི་ཕྱི་ཕྱོགས་སུ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་རེད། བོད་མི་ཚོས་ཧུའུ་ཅིན་ཐའོ་སྔ་དྲོ་ཚོགས་འདུར་བསྐྱོད་པའི་སྐབས་དངོས་སུ་ངོ་རྒོལ་གྱི་སྐད་འབོད་བྱེད་ཐུབ་པ་བྱུང་ཡོད་ཀྱང་ཕྱི་དྲོ་ཚོགས་འདུ་གྲོལ་བའི་སྐབས་ངོ་རྒོལ་བྱེད་མཁན་ཚོ་ལས་གཡོལ་ཐབས་ཀྱིས་རྒྱབ་ཕྱོགས་ཀྱི་སྒོ་ནས་འདོན་དགོས་བྱུང་ཡོད་ཅིང་བོད་མི་ངོ་རྒོལ་གནང་མཁན་ཚོས་དུས་ཡུན་ཚོུད་བརྒྱད་རིང་ངོ་རྒོལ་སྐད་འབོད་བྱེད་པའི་རིང་རྒྱ་མི་ངོ་ཚ་རྒྱུ་མེད་པ་དང་བོད་ལ་རང་དབང་དགོས།བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་གཏང་དགོས།བོད་ལ་དྲག་གནོན་དང་དམ་བསྒྲགས་ཀྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱ་དགོས་སོགས་འབོད་ཚིག་བསྒྲགས་ཡོད་པ་རེད། འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་གྱི་གསར་ཤོག་ལྦ་ཤིང་ཀྲོན་ཀྲའེམ་སེ་ཞེས་པའི་ཐོག་གནས་ཚུལ་སྤེལ་བའི་ནང་བོད་མི་ངོ་རྒོལ་གནང་མཁན་ཁྱོན་གསུམ་བརྒྱ་ཙམ་འདུ་འཛོམས་བྱས་པ་དང་ད་དུང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཕཱ་ལུང་ཀུང་ཆོས་ལུགས་ཉམས་ལེན་བྱེད་མཁན་ཁག་ཅིག་ངོ་རྒོལ་ཆེད་དུ་སླེབས་ཡོད་པ་དང་ཡིན་ནའང་རྒྱ་ནག་ཕྱོགས་ནས་ཀྱང་ཨ་རིའི་ནང་སློབ་སྦྱོང་ཆེད་དུ་སླེབས་པའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་དགའ་བསུ་ཞུ་མཁན་གོ་སྒྲིག་བྱས་ཡོད་པ་རེད༎