བོད་ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐོར།
2008.06.13
༄༅༎བོད་ཁམས་དཀར་མཛེས་ཁུལ་དུ་ཉེ་ཆར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་བོད་མི་གསུམ་འཛིན་བཟུང་བྱས་པ་དང་ཁོང་ཚོའི་ཁྱིམ་ཚང་ནང་སྔོག་བཤེར་བྱས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་དཔར་བཅག་གཏོར་བྱེད་པ་སོགས་རྒྱ་ནག་གཞུང་གིས་ད་དུང་ཡང་མུ་མཐུད་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་ལུགས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་གནས་ཚུལ་སྤེལ་འདུག
འདི་ཟླའི་ཚེས་༡༡ཉིན་བོད་པའི་བེུད་རྣམ་སྲས་ལྷ་མོ་ཞུ་བ་ཞིག་དང་སྐྱེས་པ་བསྟན་འཛིན་དར་རྒྱས་དེ་བཞིན་ཡང་མིང་གསལ་པོ་ཤེས་རྟོགས་མ་བྱུང་བའི་དགེ་འདུན་པ་ཞིག་བཅས་ཀྱིས་ཁམས་དཀར་མཛེས་རྫོང་དུ་མུ་མཐུད་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས་རྗེས་ས་གནས་ཀྱི་ལས་བྱེད་པ་ཁག་ཅིག་གིས་རྣམ་སྲས་ལྷ་མོའི་ཁྱིམ་ཚང་དུ་གློ་བུར་དུ་སྔོག་བཤེར་ཞིབ་ཚགས་བྱས་ནས་༸གོང་ས་མཆོག་གི་སྐུ་དཔར་བཅག་གཏོར་བྱས་པར་བརྟེན་རྣམ་སྲས་ལྷོ་མོའི་གཅེན་པོ་པད་མ་རྒྱལ་མཚན་ཞུ་བ་འུ་ཐུག་སྟེ་གྲི་བཏོན་པར་བརྟེན་དེ་ཡོད་ལས་བྱེད་པ་རྣམས་ཕྱི་ཕྱོགས་སུ་བྲོས་དགོས་བྱུང་འདུག དེ་ནས་དུས་ཡུན་རིང་པོ་མ་སོང་བར་རྒྱ་མིའི་དམག་མི་ཉིས་བརྒྱ་ཙམ་རྣམ་སྲས་ལྷ་མོའི་ཁྱིམ་ཚང་དུ་པད་མ་རྒྱལ་མཚན་འཛིན་བཟུང་བྱེད་པར་འབྱོར་ཡོད་ཀྱང་སྐབས་དེ་དུས་པད་མ་རྒྱལ་མཚན་ཉེ་འཁོར་རིའི་སྟེང་དུ་བྲོས་ཐུབ་པར་བརྟེན་ འཛིན་བཟུང་ཐུབ་མི་འདུག་ཀྱང་ས་གནས་དམག་མིས་ཁོང་གི་ཁྱིམ་ཚང་ལ་གཏོར་བཤིག་ཆེན་པོ་བཏང་ནས་ཕྱིར་ལོག་བྱས་ཡོད་པའི་གནས་ཚུལ་ཁ་ས་ཕྱི་ཚེས་༡༢ཉིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་གནང་འདུག་