ལྷ་སའི་བོད་མི་ཚོས་ངོ་རྒོལ་མཚོན་ཆེད་ཚོང་ཁང་སྒོ་བརྒྱབ་ཡོད་པ།
2010.03.15
༄༅༎ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་འཁོར་གྱི་ས་ཁུལ་ཁག་གི་ནང་བོད་མི་རྣམས་ཀྱིས།རྒྱ་ནག་གཞུང་གི་དབང་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་གཅིག་འཁོར་གྱི་ཡོད་པར་བརྟེན།ཉིན་འདིར་བོད་མི་ཚོས་སླར་ཡང་ངོ་རྒོལ་བྱ་སྲིད་པའི་འཇིགས་སྣང་འོག་རྒྱ་ནག་དཔོན་རིགས་ཚོས་ལྷ་ལྡན་གཙུག་ལག་དང་དགོན་སྡེ་ཆེ་ཁག་སྒོ་བརྒྱབ་ནས་ཆོས་མཇལ་དུ་བཏང་མེད་པ་མ་ཟད།རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་དང་སྒྲིག་ཆས་ནག་པོ་གྱོན་པའི་ཉེན་རྟོག་དམག་མི་སྟོང་ཕྲག་མང་པོ་བོད་རིགས་གནས་ཡུལ་ཁག་ཏུ་འགྲེམས་བཀྲམ་བྱས་ཡོད་པ་རེད།
ས་གནས་རྒྱ་ནག་གི་དཔོན་རིགས་ཚོས་བར་བསྐོར་དང་དེ་མིན་གཞན་བོད་རིགས་རྣམས་ཀྱིས་ཚོང་གཉེར་བཞིན་པའི་ལྷ་སའི་ཁྲོམ་རའི་ནང་བོད་རིགས་རྣམས་ལ།ཕྱི་ཚེས་བཅུ་བཞིའི་ཉིན་ཚོང་ཁང་རྣམས་སྒོ་ཕྱེ་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་།བོད་མི་རྣམས་ཀྱིས་ངོས་ལེན་གནང་མེད་པའི་སྐོར།ས་གནས་ནས་བོད་རིགས་ཤིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན་ལ།བོད་ཀྱི་རྒྱལ་ས་ལྷ་སའི་ཕྱི་ནས་ཡོང་བའི་བོད་རིགས་རྣམས་ཀྱི་ལག་ཁྱེར་ཞིབ་བཤེར་ནན་པོ་བྱས་པ་མ་ཟད་གྲོང་ཁྱེར་ནང་དུ་གཏན་སྡོད་བོད་རིགས་རྣམས་ཀྱི་ལག་ཁྱེར་ཀྱང་ཚད་ལྡན་ཡིན་མིན་རྒྱ་ནག་གི་ཉེན་རྟོག་དམག་མིས་ཞིབ་འཇུག་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།