བལ་ཡུལ་ནང་གི་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི།

བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ།

2009.03.10

༄༅༎དེ་རིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོར་བལ་ཡུལ་ནང་གི་བོད་མི་ཚོས་རྒྱལ་ས་ཀ་ཐ་མན་དྲུའི་ནང་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

བལ་ཡུལ་གཞུང་གིས་སྲུང་སྐྱོབ་དམ་བསྒྲགས་ཇི་ཙམ་བྱས་ཡོད་ཀྱང་དེ་ཉིན་སྔ་དྲོ་བོད་མི་ཆིག་སྟོང་ཙམ་དགོན་པའི་ནང་འདུ་འཛོམས་ཀྱིས་ཞི་བའི་ཐོག་ནས་སྨོན་ལམ་འདོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད་བོད་མི་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་བའི་ཐོག་ནས་དྲན་གསོའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་དང་སློབ་ཕྲུག་བཅས་ཁྱོན་བོད་མི་བརྒྱ་དང་ལྔ་བཅུ་ཙམ་ཞིག་གིས་བོད་རང་བཙན་ཡིན།བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་དམར་གསོད་ཀྱི་བྱ་སྤྱོད་མཚམས་འཇོག་བྱ་དགོས།བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག་ཞེས་འབོད་ཚིག་བསྒྲགས་ཡོད་ཅིང་ཉེན་རྟོག་པས་བོད་མི་དྲུག་འཛིན་བཟུང་བྱས་ཏེ་ཉེན་རྟོག་པའི་མོ་ཊའི་ནང་བླུགས་ཏེ་བཙན་ཁྲིད་བྱས་ཡོད་ཀྱང་སྐར་མ་འགའ་ཤས་རྗེས་གློད་བཀྲོལ་བཏང་བའི་སྐོར་ཕེ་རན་སི་གསར་འགོད་པས་གསུངས་ཡོད་པ་རེད། ཕེ་རན་སི་གསར་འགོད་པས་ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལོ་ན་སུམ་སུ་སོ་གཉིས་ཡིན་པའི་བསོད་ནམས་བཀྲིས་ལགས་སུ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་དེ་རིང་ཉིན་མོ་དེ་ནི་ངོས་ལ་མཚོན་ན་ཧ་ཅང་གི་སེམས་སྐྱོ་དགོས་པའི་ཉིན་མོ་ཞིག་ཡིན།དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་ད་བར་མི་ལོ་ལྔ་བཅུ་ནང་བོད་མི་རིགས་ཀྱི་ངོ་བོ་བརླགས་འགྲོ་གི་ཡོད་པར་བརྟེན་ང་ཚོར་སོ་སོའི་བོད་མི་རིགས་ཀྱི་ངོ་བོ་དང་རང་བཙན་རྩོད་ལེན་བྱ་དགོས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། བལ་ཡུལ་གཞུང་གིས་དེ་རིང་རྒྱ་ནག་གཞུང་ཚབ་ཁང་གི་མཐའ་འཁོར་དང་དགོན་པ་བཅས་ལ་ལྟ་རྟོགས་བྱེད་མཁན་གྱི་ཉེན་རྟོག་པ་འཕར་མ་འགྲེམས་འཇོག་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུ་འགོག་ཐབས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎