ཨ་མདོར་ཨར་འདམ་བཟོ་གྲྭ་རྒྱ་སྐྱེད་ལས་འཆར་ལ་ངོ་རྒོལ།

ཨ་མདོ་བླ་བྲང་གི་ཨར་འདམ་བཟོ་གྲས་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པར་ས་གནས་མང་ཚོགས་ནས་ངོ་རྒོལ་བྱས་ཡོད་པ་རེད།

2010.05.19

༄༅༎ཨ་མདོ་བླ་བྲང་གི་ཨར་འདམ་བཟོ་གྲས་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པར་ངོ་རྒོལ་བྱེད་མཁན་ས་གནས་མང་ཚོགས་ཁྲོད་མི་གྲངས་བཞི་འཛིན་བཟུང་བྱས་པ་རྣམས་ད་ལྟ་བསང་ཆུ་རྫོང་ལྟ་སྲུང་ཁང་དུ་བཅུག་ཡོད་པ་དང་ རྨས་སྐྱོན་ཕོག་པ་ཚོ་ཀ་ཆུའི་སྨན་ཁང་ཞིག་ཏུ་རང་ངོས་ནས་སྨན་བཅོས་བྱེད་པ་ལས་བཟོ་གྲའི་འགན་ལེན་གང་ཡང་བྱེད་ཀྱི་མེད་པ་རེད་

ཁ་སྔོན་ཚེས་༡༥ཉིན་ཀན་སུའུ་ཞིང་ཆེན་བླ་བྲང་མར་ཐང་ཞང་ཉེ་འགྲམ་དུ་ཡོད་པའི་ཨ་མདོའི་ཨར་འདམ་བཟོ་གྲའི་ལས་གཞི་རྒྱ་སྐྱེད་བྱེད་འཆར་ལ་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་བྱས་པར་བརྟེན་བསང་ཆུ་རྫོང་གིས་དྲག་ཆས་ཉེན་རྟོག་པ་བཏང་ནས་མང་ཚོགས་ལ་ཉེས་རྡུང་ཚད་མེད་བཏང་ཏེ་བོད་མི་འཇའ་ཁོ་ལགས་དང་ མགོན་པོ་ལྷུན་གྲུབ་ལགས་ ཚེ་ལོ་ལགས་ མགོན་པོ་ཐར་ལགས་བཅས་འཛིན་བཟུང་བྱས་ནས་ ད་ལྟ་བསང་ཆུ་རྫོང་ལྟ་སྲུང་ཁང་དུ་བཀག་ཉར་བྱེད་བཞིན་པ་དང་ ནང་མིར་ཉལ་ཆས་དང་བཟའ་བཅའ་སྐྱེལ་དུ་འཇུག་གི་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་ནང་ཡོད་པའི་ཕ་ཡུལ་བསང་ཆུ་ནས་ཡིན་པའི་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་འདུག

ཡང་བོད་མི་དེས་དོན་དངོས་ཐོག་ཨར་འདམ་བཟོ་གྲ་དེ་དང་ས་གནས་མང་ཚོགས་བར་འགལ་ཟླ་སྔོན་མ་ནས་ཡོད་ནའང་བཟོ་གྲ་དེར་བསང་ཆུ་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་ནམ་རྒྱུན་མང་ཚོགས་ལ་གནས་ལུགས་བཤད་དབང་མེད་པར་དྲག་གནོན་བྱེད་ཀྱང་དང་  བཟོ་གྲ་འདིས་ཧོར་གཙང་གཅིག་པོ་མ་ཡིན་པར་མཐའ་འཁོར་གྱི་ས་ཆ་མང་པོའི་ཁོར་ཡུག་ལ་གནོད་ཚབ་བཟོ་གི་ཡོད་ཅིང་ འབྲུ་རིགས་འདེབས་པ་དང་གཞན་རྩ་སྐྱེས་པ་སོགས་ཀྱི་ཐད་གནོད་ཚབ་དེ་བས་བཟོ་གི་ཡོད་པ་མ་ཟད་ བཟོ་གྲའི་ཨར་འདམ་སྲེག་པའི་དུ་བ་ཕྱི་ལ་བུད་ནས་མིའི་འཕྲོད་བསྟེན་ལའང་གནོད་ཚབ་ཆེན་པོ་བཟོ་གི་ཡོད་པ་རེད་ དེ་མིན་བཟོ་གྲ་དེའི་མ་འོངས་འཆར་གཞི་ནི་ས་དེ་ནས་རྒྱུག་བཞིན་པའི་བསང་ཆུ་བཀག་ནས་རི་རྒྱུད་གཉིས་ལ་ཁུང་བུ་བརྟོལ་ཏེ་རི་ཞོལ་དུ་གློག་ཤུགས་བཟོ་གྲ་ཞིག་གསར་འཛུགས་བྱེད་རྒྱུ་བཞིན་དེང་སྐབས་རི་དེ་དག་བརྐོ་བཞིན་པའི་སྒང་རེད། བསང་ཆུ་བཀག་པ་ཡིན་ན་དེའི་ཉེ་འགྲམ་གྱི་སྡེ་བ་མང་པོ་ཞིག་གིས་ཞིང་སའི་ཆུ་དེར་བརྟེན་གྱི་ཡོད་པས་ ཁོང་ཚོའི་འཚོ་རྟེན་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་གསུངས་འདུག རྒྱ་ནག་ཨར་འདམ་དྲ་བ་ཞེས་པའི་ཐོག་ཟླ་བ་འདིའི་ཚེས་༧ཉིན་བསང་ཆུ་ཨ་མདོའི་ཨར་འདམ་ཚད་ཡོད་ཚོང་ལས་ཁང་ཞེས་པ་དེ་ངོ་སྤྲོད་བྱས་པ་ལྟར་ན་ ཕྱི་ལོ་༡༩༩༨ལོ་ནས་བཟུང་བཟོ་གྲ་དེ་སྒེར་གཉེར་ཚོང་ལས་ཁང་དུ་བསྒྱུར་ནས་ད་བར་འགན་འཛིན་ལྦང་ཀྲི་རོང་ཟེར་བས་སྣེ་ཁྲིད་འོག་མ་རྐང་དངུལ་འཛིན་གྱི་ཚོང་དོན་ཁང་ཆེན་པོ་ཞིག་ཏུ་འགྱུར་ཡོད་པ་མ་ཟད་ ད་ལྟའི་ཆར་ལས་གཞི་རྒྱ་སྐྱེད་ཀྱིས་ཉིན་རེར་ཨར་འདམ་ཊོན་ཉིས་སྟོང་ལྷག་བཟོ་བསྐྲུན་གྱི་འཆར་གཞི་འཐེན་གྱི་ཡོད་པ་དང་ ད་ལྟ་གློག་གི་གསོག་ཚད་kw1500ཅན་གྱི་ཨན་ཧྲོན་ཆུ་གློག་ས་ཚིགས་ཞེས་པ་འཛུགས་སྐྲུན་བྱེད་བཞིན་པ་སོགས་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎