མགོ་ལོག་པདྨ་རྫོང་དུ་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ།
2012.01.16
༄༅༎མགོ་ལོག་པདྨ་རྫོང་དུ་བོད་མི་བཅུ་ཕྲག་ཁ་ཤས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མེད་པ་རེད།
ཟླ་བ་འདིའི་ཚེས་༡༥ཉིན་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མགོ་ལོག་པདྨ་རྫོང་གི་ཁྲོམ་གཞུང་དུ་བོད་མི་སུམ་ཅུ་བཞི་བཅུ་ཡས་མས་ཤིག་གིས་གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་། ༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པོར་ཤོག་ཅེས་སྐད་འབོད་བྱས་ཡོད་ལ། སྐབས་དེར་ཉེན་རྟོག་པས་པར་མང་པོ་རྒྱབ་པ་ལས་བཀག་འགོག་དང་མི་སྣ་འཛིན་བཟུང་གི་གནས་ཚུལ་བྱུང་མེད་ཅེས་ད་ལྟ་རྦེལ་ཇམ་ནང་གནས་སྡོད་མགོ་ལོག་ཟླ་བྷེ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བྱུང་། དེ་བཞིན་གནས་ཚུལ་ཡོངས་ཁུངས་གཞན་ཞིག་ནས་ཀྱང་གནས་ཚུལ་དེ་བདེན་པ་ཡིན་ནའང་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ཅེས་འགྲེལ་བརྗོད་གནང་བྱུང་།མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་མགོ་ལོག་པདྨ་རྫོང་ལ་མི་གྲངས་ཁྲི་གཉིས་མ་ཟིན་ཙམ་ཡོད་འདུག།