གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་དུ་ངོ་རྒོལ་སྐད་འབོད།
2010.03.10
༄༅༎ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་ཅུའི་དུས་དྲན་ཉིན་བཙན་བྱོལ་བོད་མི་གནས་ཡོད་ས་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་བཞིན་ གསུམ་བཅུའི་དུས་དྲན་ཐེངས་༥༡པའི་དུས་དྲན་ཉིན་བལ་ཡུལ་ནང་བལ་ཡུལ་གཞུང་གིས་དམ་བསྒྲགས་ཤུགས་ཆེའི་འོག་བལ་ཡུལ་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་སྐད་འབོད་གནང་ཡོད་འདུག་
བལ་ཡུལ་གཞུང་གིས་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་སོགས་ལ་ངོ་རྒོལ་སྐད་འབོད་བྱ་རྒྱུར་བཀག་སྡོམ་བྱས་ནས་ བོད་མི་ཚོས་ཆོས་རྟེན་ཉེ་འགྲམ་གྱི་ནང་པའི་དགོན་པ་ཞིག་ནང་ཆོས་ཕྱོགས་གཙོ་བོ་བྱས་ཏེ་ རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པར་ངོ་རྒོལ་སྐད་འབོད་བྱས་ནས་ བོད་མི་ངོ་རྒོལ་བ་ཚོས་ཆོས་རྟེན་སྐོར་ལམ་ནས་ཕྱིར་ཐོན་རྩིས་བྱས་པར་ བལ་ཡུལ་གཞུང་གིས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ནས་བོད་མི་བཞི་འཛིན་བཟུང་དོ་དམ་བྱས་ཡོད་པ་དང་ དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་༡༠འི་ཉིན་རྒྱབ་ཏུ་བལ་ཡུལ་གྱི་རྒྱལ་སའི་ནང་ཡོད་པའི་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲོད་སའི་ལས་ཁང་མདུན་བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱས་ནས་ བོད་མི་བཅུ་གཉིས་དངོས་སུ་འཛིན་བཟུང་བྱས་ཡོད་འདུག རྒྱ་ནག་གཞུང་ཚབ་ཀྱི་ཐོངས་མཆན་སྤྲོད་སའི་ལས་ཁང་མདུན་ངོ་རྒོལ་སྐད་འབོད་བྱ་རྒྱུར་ བལ་ཡུལ་གཞུང་གིས་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱས་པའི་རྐྱེན་གྱིས་བོད་མི་མང་པོ་འཛོམས་རྒྱུར་དཀའ་ངལ་འཕྲད་ཡོད་འདུག་ བལ་ཡུལ་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག ཉེ་སྔོན་ནས་བཟུང་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་