ཁམས་གསེར་རྟ་ཁུལ་བོད་མིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།
2011.10.02
༄༅༎རྒྱ་ནག་གུང་བྲན་ཚོགས་པ་འགོ་བཙུགས་ནས་ལོ་ངོ་དྲུག་བཅུ་རེ་གཉིས་འཁོར་བའི་དུས་ཚོད་དང་སྐབས་འཁེལ་བའི་འདི་ཚེས་གཅིག་ཉིན་རྒྱབ་ཙམ་ལ། བོད་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས་གསེར་རྟ་རྫོང་ཐོག་ཏུ་བོད་མི་ཁག་ཅིག་ནས། བོད་ལ་རང་དབང་དགོས། ༸གོང་ས་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས། ཆོས་དད་རང་དབང་དགོས་ཟེར་བ་སོགས་ཀྱི་འབོད་ཚིག་འཁོད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཉམ་སྦྱར་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང་། དེའི་རྗེས་སུ་འབོད་ཚིག་སྒྲོག་ནས་སྐད་འབོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག དུས་ཚོད་སྐར་མ་འགའ་ཤས་ཕྱིན་པའི་རྗེས་སུ་ཉེན་རྟོག་པ་སླེབས་ནས་ངོ་རྒོལ་བྱེད་མཁན་དེ་དག་འཛིན་བཟུང་བྱེད་རྩིས་བྱེད་ཀྱང་མི་མང་ཚོས་འབར་ཞུགས་བྱེད་པ་སོགས་ཀྱིས་སྐབས་དེར་འཛིན་བཟུང་བྱེད་ཐུབ་མེད་པའི་སྐོར་འདི་ག་རླུང་འཕྲིན་ཁང་དུ་བཙན་བྱོལ་ནང་ནས་ཁུངས་བདེན་གནས་ཚུལ་ངོ་སྤྲོད་བྱེད་ཡོད་པ་རེད། ཡང་ཨེ་པི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་འདིའི་སྐོར་རྒྱ་ནག་གཞུང་གི་ས་གནས་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་བ་བྱེད་ཀྱང་ལས་སེང་ལ་སོང་ཙང་དམིགས་བསལ་འབྲེལ་བ་བྱེད་ཐུབ་པའི་སྐོར་བཀོད་འདུག སྤྱིར་བཏང་བོད་ནང་འདས་པའི་ལོ་ངོ་གསུམ་ཙམ་རིང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་མི་འདོད་པའི་ངོ་རྒོལ་བསྟུད་མར་སྤེལ་བཞིན་པ་དང་། ལྷག་པར་དུ་ལོ་འདིའི་ནང་། བོད་ཀྱི་རྔ་པ་རྐིཏི་དགོན་པ་དང་། དཀར་མཛེས་སོགས་སུ་དགེ་འདུན་པ་ཁག་ཅིག་ནས་རང་ལུས་མེར་བསྲེགས་བཏང་གནང་བ་དང་། རྒྱ་ནག་གཞུང་ནས་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་མུ་མཐུད་ནས་ཡོང་བཞིན་ཡོད་པ་རེད།།