བོད་མི་སློབ་ཕྲུག་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ།
2009.04.13
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་རིར་བོད་པའི་སློབ་ཕྲུག་བཅུས་རང་ལུས་ལ་ལྕགས་ཐག་རྒྱབ་ནས་བོད་ནང་ཉེ་དུས་རྒྱ་གཞུང་གིས་བོད་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པར་ངོ་རྒོལ་བྱས་འདུག
རྒྱ་གར་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་བོད་པའི་སློབ་ཕྲུག་ཚོའི་ལུས་པོར་བསྡམས་པའི་ལྕགས་ཐག་བཀྲོལ་རྗེས་ཁོང་རྣམས་འཛིན་བཟུང་གིས་དེ་རིང་ལྡི་ལི་གསར་པའི་ཁྲིམས་ཁང་ནང་འཁྲིད་རྒྱུ་ཡིན་སྐོར་མིང་དོན་གནང་འདོད་མེད་པའི་རྒྱ་གར་ཉེན་རྟོག་པའི་དཔོན་རིགས་ཤིག་གིས་བརྗོད་འདུག
ངོ་རྒོལ་གོ་སྒྲིག་གནང་མཁན་ཚོས་གསུང་ན་རྒྱ་མིའི་གཞུང་ཚབ་ཁང་མདུན་ངོ་རྒོལ་བྱེད་མཁན་བོད་པའི་སློབ་ཕྲུག་བཅུ་ཡོད་ནའང་ཉེན་རྟོག་པས་སློབ་ཕྲུག་དགུ་འཛིན་བཟུང་བྱས་ཡོད་པ་དང་དེ་འཕྲོས་སློབ་ཕྲུག་གཅིག་གར་ཡོད་གནས་ཚུལ་ཁ་གསལ་མེད་པ་རེད། ཟླ་བ་སྔོན་མ་རྒྱ་མིའི་ཁྲིམས་ཁང་གིས་སྔ་ལོ་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་མིའི་ཚོང་ཁང་མེར་བསྲེག་བཏང་བའི་ལེ་ཁག་བཙུགས་ནས་བོད་མི་གཉིས་ལ་ཉེས་པ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དེར་གོང་ཞུས་བོད་པའི་སློབ་ཕྲུག་ཚོས་ངོ་རྒོལ་གནང་ཡོད་པ་རེད། ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད་པའི་སློབ་ཕྲུག་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པར་བརྟེན་བོད་མི་ཚོའི་ཕ་མ་དང་སྤུན་མཆེད་དགའ་ཉེ་བློ་དཀར་མང་པོ་རྐྱེན་འདས་སུ་བཏང་ཡོད་པ་མ་ཚད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡང་རྒྱ་ནག་གཞུང་གིས་འཕྲོག་ཡོད་པའི་སྐྱོན་བརྗོད་གནང་བཞག དེ་བཞིན་སློབ་ཕྲུག་རབ་རྒྱལ་ཚེ་རིང་ལགས་ཀྱིས་ཁོང་གི་ཕ་མ་གཉིས་སྔ་ལོ་ཞི་བའི་ངོ་རྒོལ་ནང་མཉམ་ཞུགས་བྱས་པར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་ད་ལྟའི་སྐབས་དེར་ཕ་མ་གཉིས་ཀྱི་གནས་སྟངས་ཇི་ཡིན་གསལ་པོ་ཤེས་རྟོག་མེད་པ་དང་ཁོ་རང་གི་ཕ་མ་གཉིས་དང་ནག་ཉེས་མེད་པའི་བོད་མི་ཚོ་རྒྱ་གཞུང་གིས་གློད་བཀྲོལ་གཏོང་དགོས་རྒྱུའི་རེ་བསྐུལ་བྱེད་བར་རྒྱ་ནག་གཞུང་ཚབ་ཁང་མདུན་ངོ་རྒོལ་བྱེད་བར་ཡོང་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་འདུག།