བོད་མི་ཚོས་རྒྱལ་སྤྱིའི་ནང་རྒྱ་གཞུང་ལ་ངོ་རྒོལ་བྱ་འཆར།
2009.04.15
༄༅༎བཙན་བྱོལ་བོད་མི་རྣམས་ཀྱིས་ཉེ་དུས་རྒྱ་ནག་གཞུང་གིས་བོད་མི་ཁག་ཅིག་ལ་སྲོག་ཐོག་ཉེས་ཆད་བཏང་བ་དེར་མཐའ་ཅིག་ཏུ་རྒྱལ་སྤྱིའི་ནང་ངོ་རྒོལ་བྱེད་རྒྱུ་ཡིན་འདུག
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་བེུད་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དེ་བཞིན་དགུ་བཅུ་གསུམ་བཙོན་ཟུར་ཚོགས་པ་དང་རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་བོད་མིའི་སྒྲིགས་འཛུགས་ཁག་གིས་འདེ་ཚེས་བཅོ་ལྔ་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་སར་ཚོགས་པ་དེ་དག་གིས་ཕྱི་ཟླ་བཞི་པའི་ཚེས་བཅུ་བདུན་ཉིན་དེ་རྒྱལ་སྤྱིའི་ནང་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུའི་ཉིན་མོར་སྲུང་བརྩིའི་ཐོག་ནས་རྒྱ་ནག་གཞུང་གིས་སྔ་ལོ་བོད་ནང་ཞི་རྒོལ་གྱི་དོན་རྐྱེན་དང་འབྲེལ་བའི་བོད་མི་ལྔ་ལ་སྲོག་ཐོག་དང་ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་གཅོད་པར་མཐའ་ཅིག་ཏུ་ངོ་རྒོལ་མཚོན་ཆེད་དུ་རྒྱ་ནག་གི་གཞུང་ཚབ་གཙོས་པའི་ས་ཁུལ་མང་པོའི་ནང་དུས་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་ཡིན་ལུགས་གསུངས་གནང་འདུག བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲིམས་ཁང་ཞིག་གིས་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ལྷ་སར་ཚོང་ཁང་གཉིས་མེར་བསྲེགས་ཀྱིས་ཚོང་ཁང་གཅིག་གི་བདག་པོ་ཙུ་རེན་ཆུན་རྐྱེན་ལམ་དུ་བཏང་མཁན་བློ་བཟང་རྒྱལ་མཚན་དང་ཡང་སྦག་སྦག་ཚོང་ཁང་ཞིག་ལ་གཏོར་རྒོལ་གྱིས་སྦྱིན་བདག་བཟའ་ཚོ་གཉིས་དང་བུ་གཅིག་དེ་མིན་ལས་བྱེད་པ་གཉིས་བཅས་མི་ལྔ་རྐྱེན་ལམ་ཏུ་བཏང་མཁན་བློ་ཡར་གཉིས་ལ་སྲོག་ཐོག་ཉེས་ཆད་བཏང་ཡོད་ལུགས་རྒྱ་ནག་གཞུང་གིས་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད་པ་ཨེ་པི་གསར་ལས་ཁང་གིས་བེ་ཅིང་ནས་གནས་ཚུལ་སྤེལ་འདུག ཡང་བློ་ཡར་གྱི་རོགས་པ་གཅིག་ལ་ལོ་གཉིས་རིང་ཕྱིར་འགྱངས་སྲོག་ཐོག་ཉེས་ཆད་དང་གཅིག་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་འདུག ཡང་བསྟན་འཛིན་ཕན་ཚོགས་ཀྱིས་རྒྱ་མིའི་ཚོང་ཁང་གཅིག་མེར་བསྲེགས་བཏང་སྐབས་སྦྱིན་བདག་གི་བོུ་རྐྱེན་ལམ་དུ་ཕྱིན་པའི་ནག་ཉེས་འོག་ཕྱིར་འགྱངས་སྲོག་ཐོག་ཉེས་ཆད་བཏང་ཡོད་འདུག གོང་ཞུས་ཚོགས་པ་ཁག་གིས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་ནང་རྒྱ་ནག་གིས་བོད་ནང་གདུག་རྩུབ་དྲག་གནོན་གྱི་བྱ་སྤྱོད་རིགས་འགོག་ཐབས་དང་འགྲོ་བ་མིའི་ཐོབ་ཐང་སོགས་གཞི་རིམ་ཐོབ་ཐང་བསྐྱར་གསོ་དགོས་པ།ནག་ཉེས་ཕོག་པ་ཚོར་རྒྱལ་སྤྱིའི་ཁྲིམས་དང་བསྟུན་པའི་དྲང་བདེན་དགོས་ལུགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་མ་ཟད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པ་སོགས་ལ་ཟུར་དུ་སྙན་ཞུ་ཕུལ་གནང་འདུག བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་རྒྱ་ནག་གཞུང་གིས་ནམ་ཡང་དྲང་བདེན་བྱས་མེད་པ་རེད་ཅེས་སྐྱོན་བརྗོད་གནང་འདུག།