རྒྱ་གཞུང་གིས་ཁམས་བྲག་མགོའི་ནང་དམ་བསྒྲཌ་བྱེད་བཞིན་པ།

བྲག་མགོ་རྫོང་གི་གཡས་གཡོན་དུ་བོད་མིར་ཉེས་རྡུང་དང་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་མཐོང་རྒྱུ་འདུག

2012.03.03

༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་གཉིས་པའི་ཚེས་༩ཉིན། ཁམས་བྲག་་མགོའི་   བོད་མི་སྐུ་ཞབས་ཡི་ཤེས་རིག་གསལ་ལགས་དང་། ཡེ་ཤེས་བསམ་གྲུབ་ལགས་གཉིས་རྒྱ་ནག་ཉེན་རྟོག་པས་དེའི་སྔོན་བྲག་མགོའི་ནང་བྱུང་བའི་ཞི་རྒོལ་ལས་འགུལ་ནང་མཉམ་བཞུགས་བྱས་པའི་ཉེས་བཙུགས་བྱས་ནས་མེ་མདའ་རྒྱབ་སྟེ་དམར་གསོད་བཏང་བ་མ་ཟད།  ཁོང་སྤུན་གཉིས་ཀྱི་ནང་མི་རྣམས་འཛིན་བཟུང་བྱས་པའི་གནས་ཚུལ་འབྲེལ་ཡོད་མི་སྣས། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་དེ་རིང་གནས་ཚུལ་ཁ་གསལ་འགྲེལ་བརྗོད་གནང་ཡོད་པ་དང༌།    རྒྱ་ནག་ཉེན་རྟོག་པས་ ཡེ་ཤེས་རིག་གསལ་ལགས་ཀྱི་ནང་མིའི་དགུན་དུས་ཀྱི་སྡོད་ཁང་མཐའ་སྐོར་ནས།  མེ་མདའ་ཚོད་མེད་བརྒྱབ་ནས་སྐུ་ཞབས་ཡེ་ཤེས་རིག་གསལ་ལགས་དང་། ཁོང་གི་སྤུན་མཆེད་སྐུ་ཞབས་ཡེ་ཤེས་བསམ་གྲུབ་ལགས་རྐྱེན་ལམ་དུ་བཏང་ཡོད་པ་དང་། སྤུན་མཆེད་ཡོན་ཏན་བཟང་པོའི་སྐེ་ལ་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་ན་ཡང་། ཉེན་རྟོག་པས་རྫོང་ལས་ཁུངས་སུ་ཁྲིད་ནས་ཉེས་རྡུང་ཚད་མེད་བཏང་སྟེ་ཁ་ནས་ཁྲག་བསྐྱུགས་ཡོད་པ་ཉེ་འཁོར་མི་རྣམས་ཀྱིས་དངོས་སུ་མཐོང་ཡོད་འདུག  ཡེ་ཤེས་རིག་གསལ་སྤུན་གསུམ་གྱི་སྐྱེས་མ་སངས་ལྷ་ལགས་དང་། རྨས་སྐྱོན་ཕོག་པའི་བུ་མོ་ཆུང་ཆུང་ལྔ་བཅས་ད་སྐབས་དཀར་མཛེས་སྨན་ཁང་དུ་སྡོད་ཡོད་ཀྱང་།  མ་སངས་ལྷ་ལགས་ཀྱི་ལག་པ་གཡོན་པར་མེ་མདའ་ཕོག་ནས་ལག་མགོ་གཅོད་དགོས་བྱུང་འདུག། 
དེ་བཞིན་དེའི་ཉིན་རྒྱ་ནག་དྲག་ཆས་ཉེན་རྟོག་དམག་མིས་རི་སྒང་དུ་ཞི་རྒོལ་ནང་བཞུགས་མཁན་དོགས་གཞི་ཡོད་པའི་བོད་མི་རྣམས་འཚོལ་ཞིབ་བྱེད་སྐབས། དགུང་གྲངས་༤༠ཡས་མས་ཀྱི་བྲག་མགོ་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་མཚན་ཞུ་བ་འཛིན་བཟུང་བྱས་ནས་ཉེས་རྡུང་བཏང་སྟེ་སྒལ་ཚིགས་བཅགས་ནས་ད་ལྟའི་ཆར་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མིན་དང་།  ཤི་སོན་ཤེས་རྟོགས་གསལ་པོ་མེད་པ་རེད། དེ་མིན་དེང་སྐབས་རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་དམག་མི་འཕོན་ཆེ་འགྲེམས་འཇོག་བྱས་ནས། དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་  བྲག་མགོ་རྫོང་གི་གཡས་གཡོན་དང་གཞུང་ལམ་གང་སར། རྒྱ་ནག་དམག་མིས་བོད་མིར་ཉེས་རྡུང་དང་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་དངོས་སུ་མཐོང་རྒྱུ་ཡོད་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎