ཊོ་ནི་སྦེ་ལེར་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་དུ་འདམས་སྲིད།
2009.10.06
༄༅༎དབྱིན་ཇིའི་སྲིད་བློན་ཟུར་པ་སྐུ་ཞབས་ཊོ་ནི་སྦེ་ལེར་རིང་མིན་ཡོ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་ནམ་གཙོ་འཛིན་དུ་བསྐོ་བཞག་འབྱུང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ད་བར་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་དེ་མཐུན་ཚོགས་དེའི་ནང་གི་ཡུལ་གྲུ་ཉི་ཤུ་རྩ་བདུན་ཡོད་པ་ཡུལ་གྲུ་དེ་དག་གི་དབུ་འཁྲིད་རེ་མོས་ཀྱིས་ཟླ་དྲུག་རིང་གཙོ་འཛིན་གྱི་ལས་འཁུར་བླངས་སྲོལ་ཡོད་ན་ཡང་གཏན་འཇགས་གཙོ་འཛིན་ཞིག་དགོས་རྒྱུར་བསམ་འཆར་ཤུགས་ཆེ་ཡོད་པ་ལྟར་ད་ཆ་གནད་དོན་འདི་ཡོ་རོབ་ཀྱི་ཡུལ་གྲུ་ཉི་ཤུ་རྩ་བདུན་ཐུན་མོང་གི་ཐོག་ནས་ཐག་གཅོད་གཏེན་འབེབས་གནང་གཏན་ཧ་ལམ་འཁེལ་བ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གཙོ་འཛིན་གསར་པ་དེའི་དབང་ཆའི་ཁྱབ་ཚད་སོགས་ཇི་ཡིན་གསལ་ཁ་མེད་ཀྱང་གཙོ་འཛིན་གསར་པ་སུར་ངེས་ཀྱང་མི་དེའི་ཐོངས་དང་ཆ་འཇོག་གི་ཐགོ་ནས་དབང་ཚད་ཀྱང་རིམ་པས་གཏན་འབེབས་ཡོང་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པ་རེད། དགུང་གྲངས་ལྔ་བཅུ་ང་དྲུག་ལ་ཕེབས་པ་སྐུ་ཞབས་ཊོ་ནི་སྦེ་ལེར་ནི་དབྱིན་ཇིའི་ཡུལ་གྲུ་རང་གི་ནང་ཨི་རག་གི་དམག་འཁྲུག་རྗེས་ཁོང་ལ་དགའ་མོས་ཞུ་མཁན་ཉུང་ཉུང་ཡིན་ན་ཡང་ཨ་མི་རི་ཀ་དང་ཡོ་རོབ་ཀྱི་ནང་ཁོང་ཧ་ཅང་གི་གྲགས་ཆེན་པོ་ཡིན་སྟབས་འབྱུང་རྒྱུར་གྱི་ཟླ་བ་གཅིག་ནང་ཚུད་བསྐོ་བཞག་བྱེད་སྲིད་པའི་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་དང་པོ་ཆགས་རྒྱུར་ཧ་ལམ་འགྲན་ཟླ་མེད་པ་ལྟ་བུ་ཡིན་འདུག
ཁོང་ཕྱོ་ལོ་༡༩༩༧ལོ་ནས་བཟུང་དབྱིན་ཇིའི་སྲིད་བློན་ལོ་བཅུ་ཙམ་རིང་གནང་ཡོད་པ་དང་སྔ་ལོ་སྲིད་བློན་གྱི་ལས་འཁུངས་ནས་དགོངས་ཞུ་གནང་རྗེས་དཀྱིལ་ཤར་མངའ་ཁུལ་གྱི་ཞི་བདེའི་ལས་དོན་ཐད་ཕྱག་ལས་ཀྱི་མཛད་འཁུར་བཞེས་རིང་འཛམ་གླིང་ས་ཕྱོགས་གང་སར་ཕྱོགས་བསྐྱོད་གནང་ཡོད་པ་རེད།