རྒྱ་ནག་གི་ཨེཛ་ལས་འགུལ་བ་ཨ་མི་རི་ཀར་བྲོས་བྱོལ་དུ་བསླེབས།
2010.05.11
༄༅༎རྒྱ་ནག་ནང་དུ་ཨེཛ་འགོས་ནད་སྔོན་འགོག་གི་ལས་འགུལ་སྤེལ་མཁན་རྒྱ་མི་རིགས་ལྦན་ཡན་ཧེ་དང༌། ཁོང་གི་བཟའ་ཟླ་དང་བུ་ཕྲུག་བཅས་ནང་མི་རྣམས་ཨ་མི་རི་ཀར་བྲོས་བྱོལ་དུ་བསླེབས་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ལོ་ན་༤༦ལ་སོན་པའི་ལྦན་ཡན་ཧེ་ཡིས་རྒྱ་ནག་ནང་དུ་ཕྱི་ལོ་༡༩༩༠་གོ་གྲངས་ནང་དུ་སྨན་ཁང་ཁག་གིས་ཁྲག་གཙོག་པ་ཉོ་ཚོང་བྱེད་པའི་གནས་ཚུལ་གསལ་བཏོན་བྱས་པའི་དོན་རྐྱེན་གྱིས་ཁོང་རྒྱ་ནག་ནང་གནས་སྡོད་བྱེད་པར་རྒྱ་ནག་གཞུང་གིས་བསུན་རྩིར་བཟོ་བ་སོགས་ཀྱི་སྒེར་གྱི་བདེ་འཇགས་ལ་ཉེན་ཁ་མཐོང་སྟེ། ཉེ་ཆར་ཁོང་དང༌། བཟའ་ཟླ། ལོ་བཞི་ལ་སོན་པའི་བུ་མོ་བཅས་ནང་མི་རྣམས་གསང་ཐབས་ཀྱིས་ཨ་མི་རི་ཀར་བྲོས་བྱོལ་དུ་སླེབས་ཡོད་པ་དང༌། ད་ལྟ་ཨ་མི་རི་ཀའི་ཤར་ཕྱོགས་གྲོང་ཁྱེར་ཕི་ལ་ཌེལ་ཕི་ཡ་ནང་དུ་ཡོད་པའི་ངོ་ཤེས་གྲོགས་པོ་ཞིག་གི་ཁྱིམ་ཚང་དུ་གནས་སྡོད་བྱེད་བཞིན་ཡོད་པ་རེད། ཕེ་རན་སི་གསར་འགོད་པས་ཁོང་ལ་ཁ་པར་བརྒྱུད་བཅར་འདྲི་བྱེད་པའི་སྐབས། ཁོང་གིས། ངོས་རང་རྒྱ་ནག་ནང་དུ་འཇིགས་སྣང་དང་ཉེན་ཁའི་འོག་སྡོད་དགོས་བྱུང་བ་དང༌། གལ་ཏེ་སྒེར་གྱི་བདེ་འཇགས་ལ་ཉེན་ཁ་མེད་པ་ཡིན་ན་ངོས་རང་ཨ་མི་རི་ཀར་བྲོས་བྲོལ་དུ་ཡོང་དགོས་དོན་མེད་པས། རྒྱ་ནག་ནང་དུ་སྡོད་ཐབས་ཀྱི་བདེ་འཇགས་རྩ་བ་ནས་མེད་པ་ནི། ཚོང་ལས་དང་བཟོ་ཚོང་ལས་ཁང་། ཉེན་རྟོག་པ། དཔྱ་ཁྲལ་དཔོན་རིགས། དྲིལ་བསྒྲགས་ལས་ཁང་། འཕྲོད་བསྟེན་ལྷན་ཁང་སོགས་ཀྱི་གནོན་ཤུགས་ཧ་ཅང་གི་ཆེན་པོ་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
ལྦེན་ཡན་ཧེ་ཨ་མི་རི་ཀར་གསང་ཐབས་ཀྱི་བྲོས་བྱོལ་དུ་འགྲོ་བའི་ཐག་གཅོད་དེ་ཡིས། རྒྱ་ནག་ནང་དུ་གནས་སྡོད་བྱེད་བཞིན་པའི་ཨེཛ་འགོས་ནད་སྔོན་འགོག་སོགས་ཀྱི་ཐད་ལ་རང་དབང་གི་ལས་འགུལ་སྤེལ་མཁན་གི་ཐོག་ལ་རྒྱ་ནག་གཞུང་གི་བལྟ་ཞིབ་འོག་ཏུ་གནས་བཞིན་ཚོར་གནོན་ཤུགས་འཕར་མ་ཡོང་རྒྱུའི་ཉེན་ཁ་ཆེ་རུ་བཟོས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།