ཨ་རི་དང་རྒྱ་ནག་གི་དམག་དོན་མཐོ་རིམ་དཔོན་རིགས་མཇལ་བ།

རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་དུས་ཚོད་ནང་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔོན་མཇལ་འཕྲད་གནང་བ་ཐེངས་དང་པོ།

2010.05.25

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་དོན་མཐོ་རིམ་དཔོན་རིགས་མཇལ་འཕྲད་གནང་ཡོད་པ་དེ་ནི། བར་ལམ་ཟླ་བ་འགའ་ཤས་གོང་ནས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་དུས་ཚོད་དེའི་ནང་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔོན་མཇལ་འཕྲད་གནང་བ་ཐེངས་དང་པོ་ཡིན་པ་རེད།

དེ་ཡང་བར་ལམ་ཨ་མི་རི་ཀའི་ཕྱོགས་ནས་ཐེ་དབན་ལ་གོ་མཚོན་ཚོང་འགྲེམས་བྱས་པའི་དོན་རྐྱེན་གྱིས་རྒྱ་ནག་ཁོང་ཁྲོ་ཆེན་པོས་ཨ་མི་རི་ཀར་ངོ་རྒོལ་བྱས་ཏེ་འདི་ལོའི་ཟླ་བ་དང་པོ་ནས་ཨ་མི་རི་ཀའི་བར་ལ་དམག་དོན་དཔོན་རིགས་མཇལ་འཕྲད་སོགས་ཚང་མ་མཚམས་འཇོག་བྱས་ཡོད་ཅིང༌། ཡིན་ནའང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཕེ་རན་སི་གསར་འགོད་པར། དེ་རིང་ཨ་མི་རི་ཀའི་ཞི་བདེ་རྒྱ་མཚོའི་སྤྱི་ཁྱབ་དམག་དཔོན་རོ་སྦ་ཀྲི་ལྦི་ལ་དྲི་མཆོག་དང༌། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་གཞོན་པ་མའ་ཞའོ་ཐན་གཉིས་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་ཨ་རི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་གྲོས་མོལ་ཚོགས་འདུའི་ཟུར་དུ་མཇལ་འཕྲད་གྲོས་མོལ་གནང་ཡོད་པའི་སྐོར་གསུང་ཡོད་པ་རེད། ད་དུང་མགྲིན་ཚབ་པ་ཁོང་གིས། སྐུ་ཞབས་རོ་སྦ་ཀྲི་ལྦི་ལ་དྲི་མཆོག་དེང་སྐབས་པེ་ཅིང་དུ་ཐབས་ཇུས་དང་དཔལ་འབྱོར་གྱི་གནད་དོན་ཐོག་ལ་གྲོས་མོལ་གནང་བར་ཕེབས་ཡོད་པ་དང༌། ཡིན་ནའང་དེ་རིང་གི་དམག་དཔོན་གཉིས་ཀྱི་མཇལ་འཕྲད་དེ་ནི་ཨ་རི་དང་རྒྱ་ནག་བར་གྱི་ཐབས་ཇུས་དང་དཔལ་འབྱོར་གྱི་གྲོས་མོལ་གནང་བཞིན་པ་དེ་དང་འབྲེལ་བ་མེད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ད་རེས་ཨ་མི་རི་ཀའི་མཐོ་རིམ་དམག་དཔོན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ། ཕྱོགས་གཉིས་དབར་ལ་གོང་གསལ་ཐབས་ཇུས་དང་དཔལ་འབྱོར་གྱི་གྲོས་མོལ་དེའི་ཐོག་ལ། ད་དུང་ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་ཀོ་རི་ཡའི་ལྷོ་མའི་དམག་གྲུ་ཞིག་ལ་རྒོལ་རྡུང་བཏང་སྟེ་གྲུ་གཏོང་མཁན་མི་གྲངས་༤༦དམར་གསོད་བཏང་མཁན་གྱི་བྱེད་ལྟེ་ཀོ་རི་ཡ་བྱང་མའི་མཚོ་འོག་དམག་གྲུ་ཡིན་པ་ཀོ་རི་ཡ་ལྷོ་མ་དང་ཕྱིའི་རྒྱལ་ཁབ་ཁག་གི་ཞིབ་འཇུག་མི་སྣ་ཚོས་ངོས་འཛིན་བྱས་ཏེ། ཀོ་རི་ཡ་ལྷོ་མོའི་ཕྱོགས་ནས་ཀོ་རི་ཡ་བྱང་མ་དང་ཚོང་འབྲེལ་ཡོངས་རྫོགས་མཚམས་འཇོག་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བཞིན་པའི་གནད་དོན་ཐོག་ལ་བཀའ་བསྡུར་གནང་སྲིད་པའི་སྔོན་དཔག་གནང་མཁན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎