ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས་པའི་འབོད་སྐུལ།
2010.10.19
༄༅༎ཨ་མི་རི་ཀའི་གཞུང་གི་ཁྲིམས་རྩོད་པ་ཞིག་རིང་མིན་རྒྱ་ནག་ཏུ་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་པའི་སྐབས་ཉེ་ཆར་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕུའུ་རྒྱ་ནག་གཞུང་གིས་གློད་བཀྲོལ་གཏོང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག
ཨ་མི་རི་ཀའི་གཞུང་གི་ཁྲིམས་རྩོད་པ་སྐུ་ཞབས་ཨེ་རིཀ་ཧོལ་ཌར་རིང་མིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚམས་འདྲིའི་གཟིགས་སྐོར་དུ་བསྐྱོད་གནང་རྒྱུ་ཡིན་པ་དང་ ཁོང་གིས་གསུངས་ན་ རྒྱ་ནག་དང་ཨ་མི་རི་ཀའི་དབར་དངུལ་གྱི་འཛའ་ཐང་ཆ་སྙོམས་མེད་པའི་གནད་དོན་ཐོག་མི་མཐུན་པའི་དཀའ་རྙོག་ཡོད་མིན་ལ་མ་ལྟོས་པར་ད་རེས་རྒྱ་ནག་ནང་གི་འཚམས་འདྲིའི་གཟིགས་སྐོར་དེ་དང་བསྟུན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་རྒྱུའི་ཐད་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་ཡི་ཡིན་ཞེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད་ ནོ་ཝེལ་ཞི་བདེའི་བྱ་དགའ་ཐོབ་མཁན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་ཝོའོ་རྒྱ་ནག་གཞུང་གིས་ལོ་༡༡རིང་བཙོན་འཇུག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་
ཡང་སྐུ་ཞབས་ཧོལ་ཌར་ཡིས་མུ་མཐུད་གསུངས་ན་ སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་གནང་བ་དེ་འོས་པ་ཞིག་ཡིན་པ་དང་ ང་ཚོའི་བསམ་བློར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་ཞུས་གནང་ཏེ་སྐུ་ཞབས་ལིའུ་ཤའོ་ཕུའུ་བཙོན་འཇུག་འོག་ནས་མགྱོགས་མྱུར་གློད་བཀྲོལ་གནང་དགོས་ཀྱི་ཡོད་པས་དེའི་ཐོག་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ཡིན་པའི་སྐོར་སྲིད་འཛིན་ཨོ་སྦ་མ་མཆོག་དང་ཡང་བཀའ་མོལ་བྱུང་ཡོད་ལུགས་གསུངས་འདུག སྐུ་ཞབས་ཧོལ་ཌར་ཡིས་ད་རེས་རྒྱ་ནག་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་དགོས་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པར་ཅ་དངོས་རྫུན་བཟོ་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་དེ་རིགས་བཀའ་སྡོམ་བྱ་རྒྱུའི་ཆེད་དུ་ཡིན་ལུགས་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག