བོད་མི་ཚོར་སྡུག་སྦྱོང་གཏོང་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད་པ།
2008.12.10
༄༅༎རོའུ་ཀྲར་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བའི་ནང་བོད་རང་བཙན་ཚོགས་པའི་ངོས་ནས་སྙན་ཐོ་བཏོན་པ་ཞིག་ལུང་འདྲེན་བྱས་ཡོད་པ་དེའི་ནང་གསལ་ལྟར་ན་རྒྱ་ནག་གཞུང་ནས་བོད་ནང་སྡུག་སྦྱོང་གི་གནས་ཚུལ་ཧ་ཅང་ཉུང་ཤས་ལས་བྱུང་མེད་པའི་སྐོར་གཏམ་བཤད་སྤེལ་གྱི་ཡོད་ཀྱང་དོན་དངོས་སུ་བོད་མི་མང་པོ་འཛིན་བཟུང་བཙོན་བཅུག་བྱས་པ་དང་གལ་སྲིད་དོ་དམ་འོག་ནས་གློད་བཀྲོལ་ཐོབ་པ་ཡིན་ནའི་ཡང་ན་སྡུག་སྦྱོང་ཚད་ལས་འདས་པ་བཏང་བའི་རྐྱེན་གྱིས་ནད་མནར་གྱིས་འདས་གྲོངས་གྱར་བ་དང་ཡང་ན་ལུས་སེམས་གཉིས་ཀའི་ཐོག་ནས་གཅོང་ནད་ལྟབུར་གྱུར་བའི་རིགས་མང་དག་ཅིག་ཡོང་གི་ཡོད་པ་དང་ཁོང་ཚོར་སྨན་བཅོས་བྱེད་རྒྱུའི་མཐུན་འགྱུར་སྦྱོར་སྤྲོད་བྱེད་ཀྱི་མེད་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་ལུགས་བཀོད་ཡོད་པ་རེད། ལྷག་པར་དུ་ལོ་འདིའི་ནང་གསུམ་ཅུའི་དུས་དྲན་ཉིན་ནས་བཟུང་བོད་ནང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བའི་ཉེས་བཙུགས་འོག་འཛིན་བཟུང་དོ་དམ་བྱས་པའི་ཁོངས་སུ་མི་མང་པོ་འཛིན་བཟུང་བྱས་པའི་གནས་ཚུལ་དང་དཔེ་མཚོན་དུ་ཨ་མདོ་བླ་བྲང་གི་སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་འཛིན་བཟུང་འོག་སྡུག་སྦྱོང་བཏང་བའི་རྐྱེན་གྱིས་སྨན་ཁང་དུ་བསྐྱེལ་དགོས་བྱུང་ཡོད་པ་ཁོང་འཛིན་བཟུང་དོ་དམ་འོག་བཞག་པའི་སྐབས་ཆུ་ཚོད་མང་པོ་ལག་པ་གཉིས་དམ་ནས་གནམ་བཏགས་བྱས་པ་དང་དེ་ནས་ངོ་གདོང་དང་བྲང་ཁོག་སོགས་ལ་གང་བྱུང་མུར་རྫོག་ཞུས་པ་སོགས་ཀྱིས་རྡུང་རྡེག་བཏང་ནས་སྐབས་ཤིག་ལ་ཁོང་དྲན་མེད་འགྱེལ་ནས་སྨན་ཁང་དུ་བསྐྱལ་ཡོད་པ་དང་དེ་ནས་སླར་ཡང་བཙོན་ཁང་ནང་བཞག་པ་སོགས་ཀྱི་ལོ་རྒྱུས་ལུང་འདྲེན་བྱས་ཡོད་པ་གང་ལྟར་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་བོད་ས་ཁྱོན་ཡོངས་སུ་སྡུག་སྦྱོང་མུ་མཐུད་ནས་བཏང་དང་གཏོང་བཞིན་ཡོད་ལུགས་སྙན་ཐོ་འདིའི་ནང་བཀོད་ཡོད་པ་རེད། སྙན་ཐོ་འདིའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་ལ་དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་ནས་དགོངས་ཚུལ་ཞལ་པར་ཐོག་ནས་བཀའ་འདྲི་ཞུས་པའི་སྐབས་འདི་བྱས་དེ་མིན་ལན་འདེབས་གང་ཡང་རྒྱབ་མེད་ལུགས་བཀོད་འདུག