བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འབྱེད།
2012.07.08
༄༅༎བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་འགོ་ཁྲིད་གནང་བའི་བོད་རང་དབང་འཐབ་རྩོད་ཀྱི་བདེན་པའི་མེ་ལྕེ་འཛམ་གླིང་གི་ས་ཕྱོགས་གང་སར་སྐོར་བསྐྱོར་གནང་བཞིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དབུ་བཙུགས་གནང་བ་ལྟར། རེས་གཟའ་སྤེན་པའི་ཉིན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཏུ་འབྱོར་ཡོད་པ་རེད།
དེ་རིང་རྒྱ་གར་གྱི་གསར་ཤོག་The Times of India ཞེས་པའི་དྲ་རྒྱའི་ཐོག་ལ།
རེས་གཟའ་པ་སངས་ཉིན་སྐུའི་སྐར་དང་སྟབས་བསྟུན་བདེན་པའི་མེ་ལྕེ་དེ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་Keralaའི་གྲོང་ཁྱེར་Kochi དུ། ཡུལ་དེའི་ཁྲིམས་དཔོན་སྐུ་ཞབས་V.R. Krishna Iyer མཆོག་དང། བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་འདུ་འཛོམས་ཀྱིས་དབུ་བཛུགས་གནང་པ་དང༌། མུ་མཐུད་གྲོང་ཁྱེར་Chennai དང་Pondicherry དུ་སྐོར་བསྐྱོད་གནང་གི་ཡོད་པའི་སྐོར་བཀོད་ཡོད་ཅིང༌། བདེན་པའི་སྒྲོན་མེ་སྐོར་བསྐྱོད་དེའི་ཐོག་བོད་མི་དམངས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཕེབས་ཡོད་པ་དང༌། སྐབས་དེར་ཁོང་གིས་གསར་འགོད་པར། ང་ཚོའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་བགྲེས་བཞིན་པ་དེ་གཡོལ་ཐབས་མེད་པ་ཞིག་ཡིན། འོན་ཀྱང༌ང་ཚོའི་ངོས་ནས་མུ་མཐུད་རྒྱ་ནག་ལ་འཐབ་རྩོད་ཀྱི་རིམ་པ་མི་འདྲ་བའི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུ་མ་ཟད། ང་ཚོའི་འཐབ་རྩོད་མུ་མཐུད་འཚོ་གནས་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ད་བར་མི་ལོ་ལྔ་བཅུ་ལྷག་བོད་དོན་བདེན་མཐའ་སེལ་བའི་འཐབ་རྩོད་བྱས་བྱེད་བཞིན་ཡོད་ལ་ང་ཚོར་བདེན་པ་ཞིག་མ་བྱུང་བར་དུ་བདེན་པའི་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།།