རྟ་རྒྱུག་འགྲན་བསྡུར་གཏོང་རྒྱུའི་གོམས་སྲོལ་ལ་འགྱུར་བ།
2016.08.07

དེ་ཡང་ཨེ་ཨེཕ་པི་ཞེས་པའི་ཕ་རན་སིའི་གསར་འགྱུར་ལས་ཁང་ནས་བོད་ནང་རྟ་རྒྱུག་གཏོང་རྒྱུའི་གོམས་སྲོལ་སྐོར་སྔ་མོའི་ལུགས་སྲོལ་དང་དེང་དུས་ཀྱི་དུས་ཆེན་སྲུང་བརྩི་ཞུ་སྲོལ་གཉིས་དབར་ཁྱད་པར་ཇི་འདྲ་ཡོད་མེད་སྐོར་དཔྱད་ཞིབ་བྱས་པར་གཞིགས་ན་། འདས་པའི་བདུན་ཕྲག་དེའི་ནང་། བོད་ཀྱི་ཡུ་ཤུལ་ཁུལ་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་སྐབས་དེར་བོད་མི་ཚོས་གྱོན་གོས་དང་རྒྱན་ཆ་སོགས་ཧ་ཅང་མཛེས་པོ་གྱོན་ནས་ཟབ་མཆོར་དང་འབྲེལ་སྲུང་བརྩི་ཞུས་ཡོད་པའི་རྣམ་པ་མཐོང་རྒྱུ་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གཞུང་ནས་བོད་ནང་དེ་སྔ་ཕྱི་ལོ་ ༡༩༥༡ ལོར་དབང་བསྒྱུར་བྱས་པ་ནས་བཟུང་དེང་དུས་ཀྱི་རྣམ་པ་ག་འདྲ་བཟོས་ཡོད་མེད་མཐོང་རྒྱུ་འདུག་ལ་དུས་སྟོན་འདིའི་སྐབས་སུ་ཆུ་མངར་སོགས་བཙོང་ནས་འཚོ་བ་སྐྱེལ་མཁན་ལོ་ན་ལྔ་བཅུ་ང་གཅིག་ཙམ་ཡིན་པའི་བུད་མེད་བསོད་ནམས་སྒྲོལ་མ་ཞེས་པ་ཞིག་གིས་གསར་འགོད་པར་། དེ་སྔ་མོ་རང་ཆུང་དུས་ཕ་མའི་མཉམ་འབྲོག་པའི་འཚོ་བ་སྐྱེལ་གྱི་ཡོད་པ་དང་། དེའི་དུས་སུ་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་སྐབས་རྟ་ཚང་མ་ཆེན་པོ་དང་སྟོབས་ཆེན་པོ་ཡོད་རེད་ལ་དེའི་དུས་ཀྱི་འཚོ་བའང་མི་འདྲ་བ་ཞིག་ཡོད་རེད་། ཡིན་ནའང་དེང་སང་རྟ་དང་དེང་སང་འཕྲུལ་རིགས་བརྗེ་ལེན་བྱས་ནས་རྟ་ཡང་ཆུང་དུ་ཕྱིན་པ་མ་ཟད་རྟ་རྒྱུགས་རྒྱུའི་ནུས་པའང་ཆུང་དུ་ཕྱིན་པ་ལྟབུ་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་འདུག ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་བཀོད་པར་ལྟར་ན། ཡུ་ཤུལ་མངའ་ཁུལ་དུ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ས་ཡོམ་གྱི་གོད་ཆགས་ཚབས་ཆེའི་འོག་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་སོགས་ཀྱི་རྐྱེན་པས་རྟ་རྒྱུགས་གཏོང་རྒྱུའི་དུས་ཆེན་སྲུང་བརྩི་ཞུ་རྒྱུར་ལོ་མང་པོའི་རིང་དམ་དྲག་བྱས་ཡོད་ཀྱང་། ཉེ་ཆར་དུས་ཆེན་བསྐྱར་གསོ་ཞུ་བཅུག་ཡོད་པ་རེད། ཡིན་ནའང་ས་གནས་ལས་ཁུངས་ནས་དུས་ཆེན་འདིའི་སྐབས་སུ་རྟ་རྒྱུགས་གཏོང་མཁན་དང་། སྦྱིན་བདག་སུ་བྱེད་མིན་སོགས་སྟངས་འཛིན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད་གསར་འགོད་པས་བཅར་འདྲི་ཞུ་ཡུལ་ཚོང་འབྲེལ་བྱེད་མཁན་མང་ཆེ་བ་རྒྱ་རིགས་ཡིན་འདུག ལྷག་པར་དུ་རྟ་རྒྱུགས་དུས་ཆེན་འདིའི་སྐབས་ཁོར་ཡུག་གང་སར་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་ཡོད་པ་དེ་ནི་རྒྱ་ནག་གཞུང་ནས་བོད་མི་ཚོ་འདུ་འཛོམས་གང་བྱུང་བྱེད་མི་ཆོག་པའི་དམ་དྲག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་རྣམ་པ་ཤུགས་ཆེ་འཚོར་སྣང་ཡོད་ལུགས་མིང་འདོན་མ་བྱེད་པའི་བོད་མི་ཞིག་གིས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་སོགས་གང་ལྟར་འབྲོག་པའི་འཚོ་བ་སྐྱེལ་རྒྱུར་བོད་མི་ཚོས་དགའ་མོས་ཆེ་བ་བྱེད་པའི་རྒྱུ་མཚན་གཅིག་ནི་གྲོང་འདལ་ཁག་ཏུ་བོད་མི་ཚོར་ལས་ཀའི་གོ་སྐབས་མེད་པའི་རྐྱེན་གྱིས་ཡིན་པའི་དཔྱད་ཞིབ་བྱེད་འདུག།གསར་འགོད་པ་རིག་འཛིན་ཆོས་སྒྲོན།