ལི་བི་ཡ་གཞུང་དམག་གིས་བརྒྱ་ཆ་༩༠ཙམ་དབང་བསྒྱུར་བྱས་པ།
2011.03.13
༄༅༎ལི་བི་ཡ་དབུ་ཁྲིད་མོའོ་མར་ག་རྡ་ཕི་ཡི་བུ་སེཨིཕ་ཨེལ་ཨིསི་ལམ་གྱིས་ལི་བི་ཡ་རྒྱལ་ཁབ་ནི་བརྒྱ་ཆ་དགུ་བཅུ་ཙམ་གཞུང་གི་དམག་མིས་དབང་བསྒྱུར་བྱས་ཡོད་པ་དང༌། གཞུང་གི་དམག་དཔུང་གིས་དུས་མི་རིང་བར་གྱེན་ལོག་པ་རྣམས་ཆ་ཚང་བ་ཕམ་ཉེས་གཏོང་རྒྱུ་ཡིན་པ་བཤད་ཡོད་པ་རེད།
སེ་ཨིཕ་ཨེལ་ཨི་སི་ལམ་ལ་ཨི་ཀྲ་ལི་གསར་འགྱུར་ལས་ཁང་ཤིག་གིས་བཅར་འདྲི་བྱས་པའི་གནས་ཚུལ་ཞིག་དེ་རིང་རེས་གཟའ་སྤེན་པའི་ཉིན་འགྲེམས་སྤེལ་བྱས་པའི་ནང༌། ཁོང་གིས། ལི་བི་ཡ་རྒྱལ་ཁབ་བརྒྱ་ཆ་༩༠ང་ཚོའི་དབང་བསྒྱུར་བྱས་ཟིན་པར་བརྟེན་ནས་གྱེན་ལོག་པའི་ལས་འགུལ་གང་མགྱོགས་མཇུག་སྒྲིལ་རྒྱུ་ཡིན་པ་དང༌། ད་ཆ་གཞུང་དང་གྱེན་ལོག་པའི་དབར་ལ་འགྲིག་འཇགས་ཟེར་བ་ཡོང་ཐབས་མེད་པ་རེད་ཅེས་དང༌། མི་དམངས་ཀྱི་བཙུགས་པའི་ལི་བི་ཡ་ལྷན་ཚོགས་ཞེས་པ་དེ་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་ཏེ། མི་དེ་ཚོ་སུ་རེད་དམ། ཁྱེད་ཚོས་འོས་བསྡུའི་ལས་དོན་སྤེལ་བ་མཐོང་སོང་ངམ། མང་མོས་འོས་འདེམས་ག་དུས་བྱས་པ་རེད་དམ་ཞེས་བཤད་དེ་མི་དགའ་བའི་ལན་འདེབས་བྱས་ཡོད་པ་རེད། ད་དུང་གསར་འགོད་པའི་འདྲི་བར་ལན་འདེབས་བྱས་པའི་ནང༌། ཁོང་གི་ཕ་ཡི་གཞུང་གིས་ལས་དོན་ནོར་འཁྲུལ་ཕྲན་བུ་བྱས་ཡོད་པ་ངོས་འཛིན་བྱས་ཡོད་པ་ནི། དེང་རབས་ཀྱི་དམག་དོན་འཕེལ་རྒྱས་དང༌། དེང་རབས་ཀྱི་ཉེན་རྟོག་པ་གསོ་སྐྱོང༌། དཔལ་འབྱོར་གསར་སྐྲུན། རང་དབང་སྤྱི་ཚོགས་སྐྲུན་རྒྱུར་ཕྲན་བུ་རྗེས་ལུས་ཐེབས་ཡོད་པ་བཤད་ཡོད་པ་རེད།
སེ་ཨིཕ་ཨེལ་ཨི་སི་ལམ་ནི། ཁོང་གི་ཕ་ག་རྡ་ཕི་ཡིས་ཚད་མཐོའི་ཡིད་ཆེས་བྱེད་ཡུལ་ཞིག་ཡིན་པ་བཞིན་ཁོང་གིས་ལི་བི་ཡ་མི་དམངས་ངོ་རྒོལ་བྱེད་མཁན་དང་གྱེན་ལོག་ཤོག་ཁག་ཐོག་ཚབས་ཆེ་བའི་དྲག་གནོན་བྱས་པ་མ་ཟད། གལ་ཏེ་རྒྱལ་ནང་དམག་འཁྲུགས་ཀྱི་གནས་བབ་ལ་འགྱུར་ཚེ་ཁྲག་གི་གཙང་པོ་འཁྱིལ་རྒྱུ་རེད་ཅེས་འཇིགས་སྐུལ་བྱེད་མཁན་གྱི་གཏུམ་དྲག་ཆེན་པོ་ཞིག་ཡིན་པ་རེད།།