ཏྲ་རམཔ་ཡིས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་ཁྱོངས་ཁས་ལེན།


2017.02.10
ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་ཇར་མན་གྱི་སྲིད་བློན་ལ་ཁ་པར་གཏོང་བཞིན་པ། ༢༠༡༧།༡།༢༨ ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་ཇར་མན་གྱི་སྲིད་བློན་ལ་ཁ་པར་གཏོང་བཞིན་པ། ༢༠༡༧།༡།༢༨
AFP

ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་ཁ་པར་བརྒྱུད་བཀའ་མོལ་གནང་ཡོད་འདུག
དེ་ཡང་ཨ་རིའི་ཕོ་བྲང་དཀར་པོས་རེས་གཟའ་ཕུར་བུའི་མཚན་གུང་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་གྱིས་རེས་གཟའ་ཕུར་བའི་མཚན་གུང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་མཉམ་དུ་ཁ་པར་གྱི་ལམ་ནས་བཀའ་མོལ་དུས་ཚོད་རིང་པོ་གནང་ཡོད་པ་དང་། བཀའ་མོལ་སྐབས་དབུ་ཁྲིད་རྣམ་པ་གཉིས་ཀས་གནད་དོན་མང་པོའི་ཐད་གླེང་ཡོད་པའི་མ་ཚད། ཞི་ཅིན་ཕེང་གི་རེ་འདུན་ལྟར་སྲིད་འཛིན་ཊོམ་མཆོག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་བཀུར་བྱེད་རྒྱུར་མོས་མཐུན་གནང་འདུག
རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་ནང་། སྲིད་འཛིན་ཞི་ཅིན་ཕེང་གིས་ཨ་རི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་འཁྱོངས་གནང་བར་བསྟོད་བསྔགས་དང་འབྲེལ། རྒྱ་ནག་གཅིག་གི་རྩ་དོན་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཡིན་པ་དང་། རྒྱ་ནག་གིས་ཨ་རི་དང་དཔུང་པ་མཉམ་གཤིབ་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་རྒྱུར་མོས་མཐུན་ཡོད་ཅེས་ནན་གྱིས་བརྗོད་ཡོད་ལུགས་བཀོད་འདུག
དེ་མིན་བཀའ་མོལ་སྐབས་ཞི་ཅིན་ཕེང་གིས་སྤྱི་ཚེས ༨ ཉིན་སྲིད་འཛིན་ཊོམ་གྱིས་འཚམས་འཕྲིན་སྤྲིངས་ནས་རྒྱ་ནག་ལུགས་རྙིང་ལོ་གསར་དུས་སྟོན་ལ་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ཕོ་བྲང་དཀར་པོས་སྤེལ་བའི་གནས་ཚུལ་དང་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གནས་ཚུལ་གཉིས་ཀའི་ནང་ཐེ་ཝན་སྐོར་གྱི་གནད་དོན་གླེང་མེད་པ་རེད།
ལོ་སྔོན་མའི་སྤྱི་ཟླ་༡༢་བའི་ནང་ཌོ་ནལཌ་ཏྲ་རམཔ་(Donald Trump)་སྲིད་འཛིན་དུ་འོས་ཐོབ་ཟིན་པའི་རྗེས་ཁོང་གིས་གིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝིན་དང་མཉམ་དུ་ཁ་པར་བཀའ་མོལ་གནང་བའི་མ་ཟད། གལ་ཏེ་རྒྱ་ནག་གིས་ཉོ་ཚོང་ཐད་བསམ་ཤེས་མི་བྱེད་ན་ང་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་བཀག་རྒྱ་འཁུར་དོན་མེད་ཅེས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོགས་འདྲི་གནང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎