བྱང་ཀོ་རི་ཡའི་བྱ་སྤྱོད་ངན་པ་མཐའ་གཅིག་ཏུ་མེད་པ་བཟོ་དགོས།
2017.07.04
ཨ་རིའི་སྲིད་འཛིན་ཀྱིས་རྒྱ་ནག་ལ་བྱང་ཀོ་རི་ཡའི་བསམ་མེད་ཀྱི་བྱ་སྤྱོད་དེ་མཐའ་གཅིག་ཏུ་མེད་པ་བཟོ་དགོས་བ་གསུངས་འདུག
བྱང་ཀོ་རི་ཡས་རྒྱང་ཐག་རིང་བར་སྙོབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པའི་རྗེས་ཨ་མི་རི་ཀའི་སྲིད་འཛིན་Donald Trump་མཆོག་གིས་ད་ཆ་བྱང་ཀོ་རི་ཡའི་བྱེད་བབས་དེར་རྒྱ་ནག་གིས་ངེས་གཏན་གྱི་ཐག་གཅོད་བྱེད་པའི་དུས་ལ་བབས་ཡོད་པ་དང་བྱང་ཀོ་རི་ཡའི་བསམ་མེད་ཀྱི་བྱ་སྤྱོད་དེ་མཐའ་གཅིག་ཏུ་མེད་པ་བཟོ་དགོས་བ་གསུངས་འདུག
དེ་ཡང་ཚེས་༣་རེས་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡས་རྒྱང་ཐག་རིང་པོར་སྙོབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་དེ། ལྷོ་ཀོ་རི་ཡའི་དྲག་པོའི་དཔུང་དམག་དང་ཨ་མི་རི་ཀའི་དྲག་པོའི་དཔུང་དམག་གཉིས་ཀས་གནས་ཚུལ་དག་ཐེར་གནང་བར་སྲིད་འཛིན་Trump་མཆོག་གིས་Twitter་དྲ་གནས་ཐོག བྱང་ཀོ་རི་ཡའི་མི་གཅིག་དབང་འཛིན་པ་ཀིམ་ཇོང་ཡུན་ལ་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱེད་རྒྱུ་ལས་གཞན་ལས་ཀ་ཡོད་པ་མ་རེད་དམ་ཞེས་དང་། ལྷོ་ཀོ་རི་ཡ་དང་ཉི་ཧོང་གིས་དེ་འདྲ་བཟོད་སྲན་གནང་ཐུབ་ཀྱི་རེད་དམ། གཅིག་བྱས་ན་རྒྱ་ནག་གིས་གནོན་ཤུགས་ཤུགས་ཆེ་ཙམ་སྤྲད་ནས་བསམ་མེད་ཀྱི་བྱ་སྤྱོད་དེ་མཐའ་གཅིག་ཏུ་མེད་པ་བཟོ་ཐུབ་ཅེས་གསུངས་འདུག
རེས་གཟའ་ཟླ་བའི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་ཚོད་ལྟ་དེ་ཉིན་ཤས་གོང་ཨ་མི་རི་ཀའི་སྲིད་འཛིན་Trump མཆོག་གིས། ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་ Moon Jae In མཆོག་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་དགའ་བསུ་སྣེ་ལེན་དང་མཇལ་མོལ་གནང་བའི་རྗེས་བྱུང་བའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད། ཉེ་བའི་དུས་སྐབས་དེར་ཨ་རིའི་སྲིད་འཛིན་མཆོག་གིས་དེ་སྔོན་རྒྱ་ནག་ལ་རེ་བ་གནང་བ་བཞིན་རྒྱ་ནག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་གོ་མཚོན་གྱི་ལས་དོན་དེ་དག་མཚམས་འཇོག་ཡོང་རྒྱུར་ཕན་ཐོག་བྱུང་མེད་པའི་སྐོར་གཏམ་བཤད་གནང་ཡོད་པ་མ་ཟད། ཁ་ཉིན་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་དང་ཞལ་པར་ཐོག་བཀའ་མོལ་གནང་སྐབས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དྲག་པོའི་ཐོག་ལག་བསྟར་བྱེད་རྒྱུའི་གྲ་སྒྲིག་ཡོད་པའི་ཉེན་བརྡ་ཡང་བཏང་གནང་ཡོད་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།