བོད་དུ་མེ་ཏོག་རྫོང་ནང་ལམ་ཆེན་བསྐྲུན་ཟིན་ལུགས།
2010.12.15
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁུལ་མེ་ཏོག་རྫོང་ནང་ལམ་ཆེན་འཛུགས་སྐྲུན་ལེགས་སྒྲུབ་བྱུང་ནས་བོད་ཀྱི་ས་ཁུལ་ཚང་མའི་ནང་ལམ་ཆེན་འཐུད་ཐུབ་ལུགས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་འདུག
རྒྱ་ནག་དབུས་བརྙན་འཕྲིན་བརྒྱུད་ལམ་ཐོག་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བའི་ནང་ རྒྱ་ནག་གི་གཞུང་ལམ་འཛུགས་སྐྲུན་བྱེད་མཁན་ཚོས་མེ་ཏོག་རྫོང་ཁོངས་སུ་ལམ་ཆེན་གསར་རྒྱག་འཛུགས་སྐྲུན་ལེགས་སྒྲུབ་ཟིན་པར་བརྟེན་འབྲེལ་བྱེད་བཞིན་པའི་གནས་ཚུལ་བཏོན་ཡོད་པ་དང་ བོད་ནང་མེ་ཏོག་རྫོང་མ་གཏོགས་དེ་མིན་ས་ཁུལ་ཚང་མར་ལམ་ཆེན་ཡོད་ལུགས་བརྗོད་ནས་བོད་ནང་མཐའ་མའི་ལམ་ཆེན་མེད་པའི་ས་ཁུལ་ནང་ལམ་ཆེན་འཛུགས་སྐྲུན་ལས་གཞི་མཇུག་བསྒྲིལ་ཡོད་ལུགས་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད་
རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་མེ་ཏོག་རྫོང་ནང་ལམ་ཆེན་རྒྱབ་རྒྱུའི་འཛུགས་སྐྲུན་ལས་གཞི་དེ་ལོ་གཅིག་ཙམ་རིང་སྤེལ་ནས་ལེགས་སྒྲུབ་བྱུང་ལུགས་དང་ ལམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་དེའི་དགའ་ལུང་ལ་བྲུས་ནས་ལམ་ཆེན་འཛུགས་སྐྲུན་བྱས་པས་ ད་ཆ་བོད་ཀྱི་ས་ཁུལ་གཞན་དང་ལམ་ཆེན་འབྲེལ་འཐུད་བྱེད་ཐུབ་ཡོད་ལུགས་འཁོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་གཅིག་ལོ་ནས་བཟུང་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ཉི་ཤུ་ཙམ་བཏང་ནས་བོད་ནང་འཛུགས་སྐྲུན་ལས་གཞི་རྣམ་གྲངས་མང་པོ་ཞིག་སྤེལ་ཡོད་པ་དང་ དེ་ཚོའི་ཁྲོད་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཁག་དང་དེ་མིན་གནམ་ཐང་དང་ལམ་ཆེན་གསར་རྒྱག་སོགས་ཀྱི་ལས་གཞི་སྤེལ་ནས་བོད་དེ་དེང་རབས་ཅན་དུ་འགྱུར་ཐབས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་ཕྱོགས་ནས་བརྗོད་ཀྱི་ཡོད་ཀྱང་ གཞུང་གིས་མ་དངུལ་འཕོན་ཆེན་བཏང་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ལས་གཞི་དེ་དག་གིས་བོད་ནང་ཡོད་པའི་རྒྱ་མི་རིགས་ཚོར་ཁེ་ཕན་ཡོད་པ་ལས་རྒྱ་ཆེ་བའི་བོད་རིགས་མི་མང་ཚོར་དེའི་ཐོག་ནས་ཁེ་ཕན་གང་ཡང་ཐོབ་ཀྱི་མེད་པ་བོད་ནང་གི་བོད་མི་མང་པོས་འགྲེལ་བརྗོད་གནང་གི་ཡོད་པ་རེད་