བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་ངེས་པའི་ཡིད་ཆེས་ཡོད།
2015.04.24
ཆོས་དཔོན་ཊུ་ཊུ་མཆོག་གིས་བོད་མི་རྣམས་རྒྱའི་བཙན་འོག་ནས་ཐར་ཏེ་བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་ངེས་པའི་ཡིད་ཆེས་ཡོད་པ་གསུངས་འདུག
ལྷོ་ཨབ་རི་ཀའི་ཡི་ཤུའི་ཆོས་དཔོན་Tutu མཆོག་གིས་ བཞུགས་སྒར་རྡ་རམ་སར་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་གནང་པ་དང་འབྲེལ་ནམ་ཞིག་མ་གཏོགས་བོད་མི་རྣམས་རྒྱའི་བཙན་འོག་ནས་ཐར་ནས་བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་ངེས་པའི་ཡིད་ཆེས་ཡོད་སྐོར་གསུངས་གནང་འདུག༎
དེ་ཡང་ལྷོ་ཨ་ཧྥེ་རི་ཀ་ནས་ཕེབས་པའི་ཡི་ཤུའི་བླ་ཆེན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་དང་། ༧གོང་ས་སྐྱབས་མགོན ཆེན་པོ་མཆོག་རྣམ་གཉིས་ཀྱིས་The Book of Joyའམ་ཕྱག་དེབ་བདེ་སྐྱིད་ཅེས་བའི་ཆེད་ནང་བདེ་སྐྱིད་ཀྱི་སྤྲོ་སྣང་ཇི་ལྟར་འཆར་ཐུབ་མིན་དང་། དེའི་རྒྱུ་རྐྱེན་གང་ཡིན་སོགས་ཀྱི་སྐོར་བགྲོ་གླེང་མཛད་པའི་ནང་དོན་ཕྱོགས་སྒྲིག་ཀྱི་དཔེ་དེབ་འདོན་སྤེལ་ཀྱི་ལས་གཞི་དབུ་འཛུགས་ཆེད་བཞུགས་སྒར་དུ་བགྲོ་གླེང་རིམ་པ་མཛད་ཡོད་པ་རེད། ཁ་ས་ཚེས་༢༤ཉིན་རྡ་སྟེང་བོད་ཁྱིམ་རྩེད་ཐང་དུ་༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་Desmond Tutuརྣམ་གཉིས་ཞབས་སོར་འཁོད་དེ་༧གོང་ས་མཆོག་དགུང་གྲངས་ ༨༠བཞེས་པའི་འཁྲུངས་སྐར་དགྱེས་སྟོན་དང་འབྲེལ་ཏེ་སློབ་ཕྲུག་ཚོ་ལྷན་དུ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་། ལུས་སེམས་ཀྱི་བདེ་སྐྱིད་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། མཛད་སྒོ་དེའི་སྟེང་ཆོས་དཔོན་Tutu མཆོག་གིས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་གསུངས་བཤད་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། འཛམ་གླིང་ཐོག་གུས་བརྩི་དང་མང་ཚོགས་ཀྱི་དགའ་མོས་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དབུ་འཁྲིད་ཅིག་ཡིན་ཞིང་། ཁོང་རང་ཉིད་༧གོང་ས་མཆོག་དང་གྲོགས་པོ་འགྲིགས་ཐུབ་པ་དེ་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གིན་ཡོད་ཅེས་གསུངས་གནང་འདུག སྐུའི་གྱ་སྟོན་གྱི་མཛད་སྒོར་བཞུགས་སྒར་ཁུལ་གྱི་སྐྱ་སེར་མི་མང་༣༥༠༠ལྷག་འདུ་འཛོམས་བྱུང་འདུག་ལ་ཆོས་དཔོན་Tutu མཆོག་གིས། ཉིན་གཅིག་བོད་མི་རྣམས་རང་ཡུལ་བོད་ལ་ཕྱིར་ལོག་ཐུབ་རྒྱུ་ཡིན་སྐོར་དང་། ད་ལྟའི་ཆར་རྒྱ་ནག་གི་དྲག་གནོན་དང་གདུག་རྩུབ་ཀྱི་གནས་སྟངས་ལས་གྲོལ་མི་ཐུབ་པ་ལྟ་བུའི་ཚོར་སྣང་ཡོད་ཀྱང་ཉིན་གཅིག་བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་ཡིན་པའི་ཡིད་ཆེས་ཡོད་པ་གསུངས་འདུག
མཛད་སྒོའི་ཐོག་ཆོས་དཔོན་Tutuམཆོག་གིས་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ལ་ཕེབས་པའི་རྟེན་འབྲེལ་མཚོན་ཆེད་འཁྲུངས་སྐར་གྱི་ཞལ་ཟས་birthday cake འདེགས་འབུལ་དང་འབྲེལ་ཏེ་Tutu མཆོག་དང་སློབ་ཕྲུག་ཡོངས་ཀྱིས་མགྲིན་གཅིག་ཏུ་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་གླུ་དབྱངས་འབུལ་ལམ་ཞུས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།