རྒྱ་གཞུང་གིས་ཁྲིམས་རྩོད་པ་གཉིས་ལ་བཀའ་དཔྱད་བཏང་བ།
2010.05.08
༄༅༎པེ་ཅིང་གྲོང་ཁྱེར་ཁྲིམས་དོན་ལས་ཁུངས་ཀྱིས་རྒྱ་ནག་ནང་ཁྲིམས་འགལ་རྩིས་སའི་ཆོས་ལུགས་ཀྱི་མི་སྣ་ཞིག་གི་གྱོད་གཞི་ཁྲིམས་གཏུགས་བྱེད་མཁན་རྒྱ་ནག་གི་ཁྲིམས་རྩོད་པ་གཉིས་ལ་ད་ནས་བཟུང་ཁྲིམས་ཞིབ་ལས་དོན་བྱེད་མི་ཆོག་པའི་བཀའ་དཔྱད་བཏང་འདུག
ཁྲིམས་རྩོད་པ་ཐང་ཅི་ཐེན་དང་ལིའུ་ལྦེ་གཉིས་ལ་ཁ་ས་པེ་ཅིང་ཁྲིམས་དོན་དཔོན་རིགས་ཀྱིས་ཁོང་གཉིས་ད་ནས་བཟུང་ཁྲིམས་རྩོད་པའི་ལས་གནས་མུ་མཐུད་བྱེད་མི་ཆོག་པའི་བཀའ་བཏང་འདུག
འོན་ཀྱང་ཁོང་གཉིས་ཀྱིས་ཐག་གཅོད་དེའི་ཐད་གྱོད་གཏུགས་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཕེ་རན་སི་གསར་ལས་ཁང་གིས་ཁ་པར་ཐོག་གནས་འདྲི་བྱེད་སྐབས་འགྲེལ་བརྗོད་བྱས་བཞག
རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་ཡུལ་གྱི་ནང་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཚོའི་ཐོག་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད་པ་མ་ཚད་ ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་གི་ཁྲིམས་རྩོད་པ་ཚོའི་རང་དབང་ཐོག་རྒྱ་གཞུང་གིས་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་པ་རེད། ད་ཕན་ཕ་ལུང་ཀུང་ཆོས་སྐོར་སྒོམ་གྲུབ་ཚོགས་པའི་གནད་དོན་ཐད་ཁྲིམས་གཏུགས་བྱེད་མཁན་ཁྲིམས་རྩོད་པ་མང་པོ་ཞིག་ལ་རྒྱ་གཞུང་གིས་ཉེས་ཆད་དྲག་པོ་བཏང་ཡོད་པ་དང་ ཆོས་སྐོར་སྒོམ་གྲུབ་ཚོགས་པས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པའི་སྐྱོན་འཛུགས་ཀྱང་བྱེད་བཞིན་ཡོད་པ་རེད༎