ཀརྟི་དགོན་པའི་གྲྭ་གཉིས་ལ་ལོ་༣བཙོན་འཇུག་ཁྲིམས་ཐག

ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་དང་དཀོན་མཆོག་ཚུལ་ཁྲིམས་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་འདུག

2011.05.06

༄༅༎འདི་ག་རླུང་འཕྲིན་ཁང་དུ་བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་དང་། ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ཚེས་ལྔ་ཉིན་བཏང་བའི་གནས་ཚུལ་ནང༌། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་དང་། དཀོན་མཆོག་ཚུལ་ཁྲིམས་ལགས་གཉིས་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་བ་དང༌། དུས་ཚོད་མི་རིང་བར་ས་གནས་གཞན་ཞིག་ཏུ་འཁྲིད་རྒྱུ་ཡིན་པའི་སྐོར་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བའི་སྐོར་གསུངས་ཡོད་པ་རེད།

བོད་ཀྱི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ནི། དགུང་ལོ་༣༡ ཡིན་པ་དང༌། ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་ཕ་ཡི་མཚན་ལ་བློ་བཟང་ལགས་ཡིན་པ་རེད། སྐུ་ཞབས་བློ་བཟང་དར་རྒྱས་ལགས་ནི་ཆུང་དུས་ནས་ཀིརྟི་དགོན་དུ་འཛུལ་ཞུགས་གནང་སྟེ། དེ་རྗེས་༢༠༠༣ ཙམ་ནས་བོད་དབུས་ཀྱི་གདན་ས་དཔལ་ལྡན་འབྲས་སྤུངས་སུ་ཆོས་ཞུགས་གནང་བ་དང༌།  འོན་ཀྱང་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྐབས་གདན་ས་འབྲས་སྤུངས་དགོན་ནས་གྲྭ་མང་གིས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་གནང་སྐབས། རྒྱ་མིའི་བརྙན་འཕྲིན་ཐོག་པར་ཐེབས་ཡོད་པ་རེད།

དེ་རྗེས་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ཟླ་བ་ལྔ་ལྷག་རིང་ལ་ས་གནས་འདྲ་མིན་དུ་ཁྲིད་དེ་བཀག་ཉར་དོ་དམ་བྱས་པའི་མཐར་རྔ་པ་ཁུལ་དུ་ཁྲིད་ཡོད་ཅིང༌། དེ་ནས་སྐབས་ཤིག་རིང་གློ་བཀྲོལ་བཏང་བའི་རྣམ་པ་བྱུང་ཡོད་ཀྱང་། ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་སུ་ག་དུས་བཀའ་འགུག་བྱས་ཚེ་འགྲོ་དགོས་པའི་རང་དབང་མེད་པ་མ་ཟད། རྔ་པ་རྫོང་གི་ས་ཆ་ནས་བརྒལ་ནས་འགྲོ་དགོས་ཚེ་ས་གནས་རྒྱ་གཞུང་ལ་སྙན་གསེང་ཞུ་དགོས་པ་སོགས་ཀྱི་དམ་དྲག་འོག་གནས་དགོས་བྱུང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་བཞི་པའི་ཚེས་༡༡ ཉིན་གློ་བུར་དུ་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་ཁོང་གི་གྲ་ཤག་ཏུ་ཡོང་སྟེ་འཛིན་བཟུང་བྱས་པ་དང༌། ཕྱི་ཟླ་ལྔ་པའི་ཚེས་གཉིས་ཀྱི་གཡས་གཡོན་ཙམ་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད།

ཡང་རྔ་པ་རྫོང་མཐའ་བ་གོང་མའི་བློ་ཚུལ་ཚང་ནས་ཡིན་པའི་དགུང་ལོ་༣༣ ལ་ཕེབས་པའི་རྔ་པ་ཀིརྟི་དགོན་པའི་གཉེར་པ་དཀོན་མཆོག་ཚུལ་ཁྲིམས་ལགས། རྒྱ་ནག་གཞུང་གིས་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་འཛིན་བཟུང་བྱས་གཤིས། ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཏེ། མི་རིང་བར་ས་གནས་གཞན་དུ་ཁྲིད་རྒྱུ་ཡིན་པའི་གནས་ཚུལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎