བོད་འབའ་ཐང་དུ་བོད་མི་ན་གཞོན་གཉིས་འཛིན་བཟུང༌།
2011.04.06
༄༅༎འདི་ལོ་ཕྱི་ཟླ་༣ཚེས་༡༠ཉིན་མདོ་ཁམས་འབའ་ཐང་རྫོང་དུ་སློབ་ཕྲུག་གཉིས་ཀྱིས་བོད་རང་བཙན་གྱི་སྐད་འབོད་བྱེད་སྐབས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཞིག་འདི་ནས་རྒྱང་བསྲིང་ཞུས་པ་བཞིན།ད་ཆ་ཤེས་རྟོགས་བྱུང་གསལ་ལ་ མི་སྣ་དེ་གཉིས་འབའ་ཐང་རྫོང་མཚོ་སྣ་ཤང་ནས་རེད་འདུག།
ན་གཞོན་དེ་གཉིས་ནི་ ཕ་ཚེ་དབང་ལྷུན་གྲུབ་ལགས་ཀྱི་བུ་བསོད་དགའ་དང༌། ཕ་བསྟན་འབྲུག་རྡོ་རྗེ་ལགས་ཀྱི་བུ་བསྟན་ཕྲུག་བཅས་ཡིན་པ་རེད། བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གསུང་ན། ན་གཞོན་གཉིས་ཀ་ལོ་ན་༢༠ལ་སོན་མེད་པ་དང༌། དེ་སྔོན་ཁོང་གཉིས་ཀྱིས་འབའ་ཐང་ཁྲོམ་གཞུང་དུ་སྐད་འབོད་ཐེངས་ཅིག་བྱེད་སྐབས་ ཉེན་རྟོག་པས་འཛིན་བཟུང་བྱེད་མ་ཐུབ་པར་བྲོས་ཐར་ཡོད་ཀྱང། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་མོར་བསོད་དགའ་ལགས་དང་ བསྟན་འཕྲུག་ལགས་གཉིས་ཀྱིས་བསྐྱར་དུ་སྐད་འབོད་བརྒྱབ་པའི་སྐབས་སུ་རྒྱ་གཞུང་ཉེན་རྟོག་པའི་ལག་པར་ཐེབས་ནས་ ད་ཆ་འབའ་ཐང་རྫོང་དུ་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག།